བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྙན་ཞུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོ་ནས་ཞིབ་བསྡུར་གྱི་ཚ་རླབས་ཆེན་པོ་བསླངས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས། ངེས་པར་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབད་འཐབ་ལྷོད་མེད་བྱེད་པ། བྱ་བ་རེ་རེ་བཞིན་ལག་བསྟར་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འཆར་འགོད་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་བའི་ཡིད་ཆེས་ཆེན་པོ་ཡོད་པའི་ཚུལ་བསྟན།
ཆི་ལེན་རྫོང་ཏང་ཨུའི་ཐད་གཏོགས་ལས་ཁུངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཁྲིན་ཝུན་གྱིས་བཤད་རྒྱུར། གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སློབ་སྦྱོང་ནན་མོ་བྱེད་པ་དང་། སྙན་ཞུའི་ནང་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བྱ་བ་སྣ་ཚོགས་ཁྲོད་ནས་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། མུ་མཐུད་མདུན་བསྐྱོད་བྱེད་པ། དངོས་གཉེར་གྱི་སྤྱོད་ཚུལ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཧུར་ཐག་གིས་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
གཙང་ཆུའི་མགོ་ཁུངས་ཀྱི་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་སྐེད་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝེ་ཧྥིན་གྱིས་བཤད་རྒྱུར། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས། གནད་ཕིགས་དབུལ་སྐྱོར་བྱེད་ན། དུས་ལྟར་སྤྱི་ཡོངས་ཀྱི་དབུལ་ཐར་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་མང་ཚོགས་གཅིག་ཀྱང་མ་ལུས་པར་བྱས་ཏེ། མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱེད་དགོས། ང་ཚོ་འབྲི་ཆུའི་མགོ་ཁུངས་སུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། ང་ཚོས་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་པས། ང་ཚོས་ངེས་པར་དུ་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དེ་འབྲོག་དམངས་ཀྱི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་བ་དང་། ཆུ་བོའི་རྒྱུན་ནམ་ཡང་མི་ཆད་པར་ཁག་ཐེག་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུས་པ་དེས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བསྒྲུབ་བཞིན་པའི་ལས་བྱེད་པར་སྐུལ་སློང་བྱས། ཝུའུ་ལན་རྫོང་བྱེ་རུག་གྲོང་རྡལ་ཏུང་ཀྲུང་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཅི་ཀྲུང་གིས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་ཐར་མང་ཚོགས་ཕྱིར་དབུལ་བོར་མི་འགྱུར་བ་ནི་ང་ཚོའི་སེམས་འདུན་ཡིན་ལ། ལྡོག་ཐབས་མེད་པའི་འགན་འཁྲི་ཡང་ཡིན་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་སྤྱི་ཁོག་གི་རེ་བ་ལ་དམིགས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ། དབུལ་ཕོངས་མང་ཚོགས་ལ་དངོས་གནས་ཕན་འདོགས་དགོས་པའི་ཚུལ་བསྟན།
ཡུས་ཧྲུའུ་གྲོང་ཁྱེར་བྱ་ཁོག་སྲང་ལམ་དོན་སྒྲུབ་ཁང་སྐར་མདའ་སྡེ་བའི་འབྲོག་དམངས་ཨ་རྒྱལ་གྱིས་བཤད་རྒྱུར། ང་ཚོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། རང་གིས་འབད་བརྩོན་བྱེད་པ་བརྒྱུད་དེ། སྔ་མོ་ནས་དབུལ་ཐར་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཟེར།
མགོ་ཚུགས་ས་གསར་བའི་སྟེང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཏན་ཏན་ཏིག་ཏིག་བཞིའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། བསྒྱུར་བ་བཞི་ལག་བསྟར་བྱེད་པ། ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་བཏོན་པའི་དམིགས་འབེན་གལ་ཆེན་ལྟར་དུ། སེམས་ཤུགས་གཅིག་བསྒྲིལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱེད་རྒྱུ་རེད།