ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།
བློ་མཐུན་ཝང་གོ་ཧྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་གོ་ཧྲིན་དང་ཝང་ཅན་ཅུན། ལིག་ཉིན། ཀྲང་ཀོང་རོང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
གྲོས་ཚོགས་ལ་འཐུས་མི་བཞི་བརྒྱ་དང་སོ་བདུན་ཞུགས་དགོས་པ་དང་། འཐུས་མི་བཞི་བརྒྱ་དང་སོ་བཞི་ཚོགས་ཐོག་ཏུ་འབྱོར་བས། གཏན་ཁེལ་གྱི་མི་གྲངས་དང་མཐུན།
གྲོས་ཚོགས་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རང་ཞིང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བར་ཞུགས་པའི་འཐུས་མིའི་བདམས་ཐོན་མིང་ཐོ་བཅས་བསྒྲགས།
གྲོས་ཚོགས་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་འོག་ཏུ། འཐུས་མི་ཡོངས་དང་བྱ་བ་སྒྲུབ་མཁན་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས། ཚོགས་ཆེན་གྱིས་དངོས་ཐོག་བདེན་འཚོལ་སྒོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་གྱི་ལོ་ལྔའི་རིང་གི་བྱ་བ་གཙོ་བོ་སྤྱི་བསྡོམས་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། བརྗོད་གཞི་གསལ་ཞིང་དམིགས་འབེན་གསལ་ལ། བསམ་ཕྱོགས་གསལ་བ་དང་བྱེད་ཐབས་ནུས་ལྡན་གྱི་སྙན་ཞུ་ཞིག་གྲུབ་པར་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ལ། མགོ་ཁྲིད་ཚན་ཁག་གསར་རྙིང་བདེ་བླག་ངང་བརྗེ་སྤོར་བྱས། དེ་ནི་དར་ཆ་མཐོར་སྒྲེང་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་དང་། སྙིང་སྟོབས་ཆེར་བསྐྱེད་དང་བརྩོན་སེམས་ཡར་བསྐྱེད་ཀྱི་ཚོགས་ཆེན་ཞིག བསམ་བློ་བཅིངས་འགྲོལ་དང་མི་སེམས་གཅིག་སྦྲེལ་གྱི་ཚོགས་ཆེན་ཞིག སྒྲིག་ལམ་དམ་པོ་དང་སྤྱོད་གཙང་ཚུལ་བཟང་གི་ཚོགས་ཆེན་ཞིག་ཡིན་པ་དང་། དེས་མ་འོངས་པའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གལ་ཆེ་ཞིང་གཏིང་ཟབ་པའི་ཤན་ཤུགས་ཐེབས་ངེས་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་མང་ཚོགས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བའི་རླབས་ཆེན་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྔར་ལས་སྐུལ་སློང་དང་སྐུལ་ལྕག་བྱེད་ངེས་པར་འདོད།
ཝང་གོ་ཧྲིན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་སྟེང་། འགན་ཁུར་གྱི་ལོ་ཚོད་དང་བྱ་བའི་དགོས་མཁོ་སོགས་ཀྱི་དབང་གིས། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཁ་ཤས་ཀྱིས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཨུ་ཡོན་གྱི་འགན་མི་ཁུར་རྒྱུའི་ཐག་བཅད། བློ་མཐུན་དེ་དག་གིས་འགན་འཁུར་སྐབས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་དུ་སེམས་ཤུགས་ཆེན་པོ་བཏོན་ནས་བྱས་རྗེས་གལ་ཆེན་བཞག་ཡོད། ང་ཚོས་དགའ་སྤྲོའི་ཐལ་མོ་རྡེབ་ནས་ཁོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་དང་བླ་ན་མེད་པའི་གུས་འདུད་ཞུ་ཟེར།
ཝང་གོ་ཧྲིན་གྱིས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་ཚབ་བྱས་ཏེ། འཐུས་མི་ཡོངས་དང་། ཚོགས་ཆེན་གྱི་བྱ་བ་སྒྲུབ་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། གྲོས་ཚོགས་ཀྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་ལས་དོན་ལ་ཧ་ཅང་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། ལྟ་ཚུལ་གཅིག་ཏུ་བསྡུ་བ། འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་འགོད་པ། འཕེལ་རྒྱས་ཀྱི་ཐབས་བཟང་མཉམ་དུ་འཐེན་པ། རླབས་ཆེན་གྱི་དཔེ་རིས་མཉམ་དུ་འགོད་པ་བཅས་བྱས་ཏེ། ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་འབད་བརྩོན་ཆེན་པོ་བྱས། བྱ་བ་སྒྲུབ་མཁན་ཡོངས་ཀྱིས་ཚོགས་ཆེན་གྱི་དྲུང་ཡིག་ཁང་གི་མགོ་ཁྲིད་འོག ལས་གནས་བརྟན་སྲུང་དང་བྱ་བར་འབད་པ་བྱས་ཏེ། ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། ད་ལྟ་མཚོ་སྔོན་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བར་སླེབས་ཡོད། ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་གྱིས་དེང་སྐབས་ལ་རྐང་བཙུགས་པ་མ་ཟད་མ་འོངས་པར་རྒྱང་ལྟ་བྱས་ཡོད་ལ། འགྲན་རྩོད་ཀྱིས་ཕྱུག་པ་མ་ཟད་རེ་བས་ཁེངས་ཡོད། དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་མངག་བཅོལ་ནན་མོ་འདུ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ང་ཚོར་བཅངས་པའི་རེ་སྒུག་ཆེན་པོ་འདུ་ཡོད་ལ། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་མཚོན་ཡོད། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་ལག་བསྟར་ཟབ་མོ་བྱེད་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། བསྒྱུར་བ་བཞི་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་རྒྱལ་ཁ་ལེན་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རླབས་ཆེན་གྱི་དཔེ་རིས་དེ་བདེ་སྐྱིད་ཀྱི་དོན་དངོས་སུ་བསྒྱུར་དགོས་ན། ང་ཚོས་སྒོ་འབྱེད་ཀྱི་བསམ་གཞིགས་གཏོང་སྟངས་དང་དངོས་གཉེར་གྱི་བྱ་བ་སྒྲུབ་སྟངས། བཟང་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་བཅས་སྲུང་འཛིན་དང་དར་སྤེལ་བྱེད་དགོས། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་། ཁྱོན་ཡོངས་སུ་འདྲེས་པར་བྱེད་པའི་ཁྲོད་དུ་གནས་ཐིག་ཡང་དག་པར་འཚོལ་བ། དགེ་སྤེལ་སྐྱོན་སྤངས་ཀྱི་ཁྲོད་དུ་དངོས་ཤུགས་ཇེ་དྲག་ཏུ་གཏོང་བ། བསམ་བློ་བཅིངས་འགྲོལ་ཆེན་མོས་མཚོ་སྔོན་གྱི་འཕེལ་རྒྱས་ཆེན་པོར་ཡར་སྐུལ་བྱེད་པ་བཅས་བྱེད་དགོས། སྔར་ལས་དངོས་འཛིན་དངོས་སྒྲུབ་ཀྱིས་ཉིན་རེ་རེ་དམ་འཛིན་དང་དོན་དག་རེ་རེ་བཟང་པོར་སྒྲུབ་སྟེ། གོམ་ཆུང་སྤོས་ཏེ་རྒྱང་ཐག་ཆོད་པ་དང་ཆུ་ཐིགས་བསགས་ནས་རྒྱ་མཚོར་འགྱུར་བར་བྱེད་དགོས། སྔར་ལས་ཧུར་བརྩོན་རྗེས་སྙེག་གིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་བཏོན་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། ང་ཚོས་རིགས་སོ་སོའི་མང་ཚོགས་ལ་ཕུལ་བའི་དམ་བཅའ་བརྟན་པོ་ལག་བསྟར་བྱེད་དགོས།
ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་འཐུས་མི་ནི་གཟི་བརྗིད་ཡིན་པ་དང་ལས་གནས་ཡིན་ལ། དེ་ལས་ཀྱང་འགན་ཁུར་ཡིན་པས། ཚང་མས་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་ལྷག་བསམ་དག་པས་ལས་འགན་ལག་བསྟར་བྱས་ཏེ། སྣེ་ཁྲིད་ནས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་དྲིལ་སྒྲོག་བཟང་པོ། ལག་བསྟར་བཟང་པོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། རྩ་འཛུགས་ནན་མོ་དང་བཀོད་སྒྲི་ཞིབ་མོས་ཚོགས་ཆེན་གྱི་དགོངས་དོན་དངོས་སུ་བཀོལ་ཏེ་བསམ་བློ་གཅིག་གྱུར་དང་ལྟ་བ་གཅིག་མཐུན་བྱས་ཏེ། བློ་གཅིག་སེམས་གཅིག་དང་བློ་གཅིག་ཕྱོགས་གཅིག བློ་གཅིག་སྤྱོད་གཅིག་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
གྲོས་ཚོགས་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ཧ་ཅང་ལྕི་བས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། དངོས་འཛིན་དངོས་གཉེར་དང་གསར་སྤེལ་ཡར་བརྩོན་གྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་སྐྲུན་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱི་གླུ་སྒྲའི་ཁྲོད་ནས་གྲོལ།