ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པས་རྒྱུན་ལས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་ཡིག་ལ་མཉམ་དུ་སློབ་སྦྱོང་བྱས་པར་མ་ཟད། ཐུན་མོང་དམ་བཅའ་འཇོག་པའི་ཚུལ་གྱིས་ཏང་ནང་དུ་ཞུགས་ནས་དམ་ཚིག་བཀོད།
ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་འདེམ་བསྐོ་བརྒྱུད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་ཞིང་། དེ་ནི་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཡང་ཡིན། རྒྱུན་ལས་གྲོས་ཚོགས་ཀྱི་བློ་མཐུན་རེ་རེས་ལས་གནས་དམ་སྲུང་དང་དངོས་འཛིན་དངོས་སྒྲུབ། འགན་འཁྲིར་མི་གཡོལ་བ། མངགས་བཅོལ་དང་དུ་ལེན་པ་བཅས་ཀྱི་སྒོ་ནས། ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་པའི་ཆབ་སྲིད་ཀྱི་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་ནི། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་དངོས་འབེབས་བྱེད་རྒྱུ་དང་ཐད་ཀར་འབྲེལ་ཡོད་ཅིང་། མཚོ་སྔོན་གྱི་འཕེལ་རྒྱས་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཕན་བདེ་དང་ཐད་ཀར་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིབ་ཕྲའི་བྱ་བ་ནས་དམ་པོར་འཛིན་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་པའི་ང་ཚོར་མཚོན་ན། ཐེངས་འདིའི་ཚོགས་ཆེན་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་ཚད་ལྡན་ཅན་དུ་གཏོང་བར་ཤུགས་སྣོན་པའི་གོ་སྐབས་གལ་ཆེན་དང་ལག་ལེན་གསོན་པོ་ཞིག་ཏུ་བརྩིས་ཆོག ། ང་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་སྐད་ཆར་ཉན་པ་དང་ཏང་དང་མཉམ་དུ་འགྲོ་བ། སྒྲིག་ཁྲིམས་དམ་སྲུང་བྱེད་པ། ཉིན་མ་རེ་ལ་དོན་རེ་བསྒྲུབ་མཐར། བར་མ་ཆད་པའི་ངང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ལེན་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་གཙིགས་སུ་འཛིན་དགོས་ཏེ། ཆབ་སྲིད་ནི་སྤྱིའི་བཀོད་འདོམས་པ་ཡིན་པ་དང་རྣམ་ཤེས་དང་ཚེ་སྲོག་ཀྱང་ཡིན། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་གཙིགས་སུ་འཛིན་དགོས་ཤིང་། ཏང་ལ་བློ་དཀར་གཞུང་དྲང་བྱེད་དགོས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་པ་དང་། ཐོག་མཐའ་བར་གསུམ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་རྒྱུ་ནི་ཆབ་སྲིད་ཆེ་ཤོས་སུ་བལྟ་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ལ་གོ་བ་ཡང་དག་ལེན་དགོས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། རང་ཉིད་གསར་བརྗེ་བྱས་ཏེ་བར་མ་ཆད་པའི་སྒོ་ནས་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་བརྒྱུད། རང་ཉིད་ཀྱི་ཆབ་སྲིད་ནུས་པ་དང་འགན་ནུས་ཕྲག་སྟེང་དུ་ལེན་ཕོད་པར་བྱེད་དགོས། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་དགོས་པ་དང་མཐུན་སྒྲིལ་དམ་པོ་བྱེད་ཤེས་དགོས། བློ་མཐུན་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་དཔེ་སྟོན་དུ་བཟུང་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལ་སྣེ་ཁྲིད་དང་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚང་མ་ཏང་གི་དར་ཆའི་འོག་ནས་མཐུན་སྒྲིལ་དམ་ཟབ་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་མང་ཚོགས་སྔར་ལས་བདེ་སྐྱིད་ལྡན་པ་དང་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་འབད་འབུངས་བྱེད་དགོས་ཟེར།