ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ཟི་ལིང་ནས2017ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུར་ཞུགས་པར་ཡོང་བར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་བཞུགས་མོལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་སྔར་ལས་འདྲེས་པར་བྱེད་པ་དང་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཐད་ནས་གྲོས་མོལ་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྱད་ཆོས་ཐོན་ཁུངས་དང་རིག་གནས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ལུགས་ས་གདན་ཐོན་ལས་འདུ་ཚོགས་གྲུབ་པར་བྱས་པས། མཚོ་སྔོན་ཞིང་ཆེན་རང་རྒྱལ་གྱི་བོད་ལུགས་ས་གདན་གྱི་ཐོན་སྐྱེད་སྲོག་ཤིང་ཁུལ་དང་ཕྱིར་འདྲེན་ཞིང་ཆེན་ཆེན་པོར་གྱུར། བོད་ལུགས་ས་གདན་འགྲེམ་ཚོགས་སྐབས་བཅུ་གསུམ་ལ་བསྡུས་པ་དང་། དེའི་གཞི་ཁྱོན་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་ཁྱད་ཆོས་ཉིན་རེ་བཞིན་མངོན་ཡོང་ལ། རྒྱལ་སྤྱིའི་སྟེང་གི་མཚན་སྙན་དང་ཤན་ཤུགས་ཀྱང་རྒྱུན་མཐུད་ངང་ཇེ་ཆེར་སོང་ནས། འཛམ་གླིང་ས་གདན་ཆེད་ལས་ཀྱི་རྒྱལ་སྤྱིའི་མིང་དུ་གྲགས་པའི་འགྲེམ་སྟོན་ཚོགས་འདུར་གྱུར།
ཝང་གོ་ཧྲིན་གྱིས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོ་མཚོ་སྔོན་ལ་འགྲེམ་སྟོན་ཚོགས་འདུར་ཞུགས་ཏུ་ཡོང་བར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པའི་ལས་རིགས་སོ་སོའི་གྲོགས་པོར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྔོན་ཏག་ཏག་ལ་མཇུག་རྫོགས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྩལ་བ་དང་། རྒྱལ་སྤྱིའི་མཉམ་ལས་ཐད་སྟེགས་བུ་གསར་བ་སྐྲུན། 2017ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཀྱིས་ལྷད་མེད་ཀྱི་ས་གདན་འཐག་ནས། རྒྱུད་གཅིག་ལམ་གཅིག་གི་ལམ་བུ་བསྐྲུན་པ་བརྗོད་སྙིང་དུ་བྱས་ཡོད་པ་དང་། རྒྱལ་སྤྱིའི་རང་བཞིན་དང་ཆེད་ལས་ཅན། ཚོང་རྟགས་མིང་གྲགས་ཅན། ཆ་འཕྲིན་ཅན་གྱི་ཚད་གཞི་སྔར་ལས་ཇེ་མཐོར་བཏང་སྟེ། ཆུ་ཚད་སྔར་ལས་མཐོན་པོ་དང་ཚད་རིམ་སྔར་ལས་མཐོན་པོར་ཁ་ཕྱོགས་བཞིན་ཡོད། སྐུ་མགྲོན་ཚོས་འགྲེམ་ཚོགས་བཟང་བོར་བསྒྲུབ་པའི་ཐད་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། མཉམ་ལས་བརྗེ་རེས་སྔར་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་བ། བོད་ལུགས་ས་གདན་འགྲེམ་ཚོགས་དེ་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་ཚོང་རྟགས་མིང་གྲགས་ཅན་དུ་འཛུགས་སྐྲུན་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།
ཀྲུང་གོ་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གོ་ཡུང་གིས་བཤད་རྒྱུར། ལུག་བལ་ས་གདན་ཐོན་ལས་ནི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ཐོན་ལས་དང་དགེ་མཚན་ཐོན་ལས་ཡིན། བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ལ་མཚོན་ན། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་སྐུལ་འདེད་ཀྱི་ནུས་པ་ལྡན། 2017ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་རྒྱལ་ཁའི་ངང་བསྡུ་བ་དེས། རང་རྒྱལ་གྱི་ནུབ་རྒྱུད་ཀྱི་ཞིང་ལྗོངས་དང་ཨེ་ཤ་ཡ་ལྷོ་ནུབ་སོགས་མཐའ་འཁོར་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་རིག་གནས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧྲུའུ་ཅན་གྱིས་མཚོ་སྔོན་གྱིས་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོས་བཤད་རྒྱུར། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་ཆེན་གཉིས་བར་གྱི་མཉམ་ལས་བརྗེ་རེས་ལ་ཧ་ཅང་མཐོང་ཆེན་བྱས་ནས། བོད་ལུགས་ས་གདན་འགྲེམ་ཚོགས་སྐབས་རེ་རེར་ཞུགས་པ་ཡིན། ཐེངས་འདིའི་བོད་ལུགས་ས་གདན་འགྲེམ་ཚོགས་བརྒྱུད་དེ། ཞིང་ཆེན་གཉིས་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཧྲན་ཏུང་གི་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་བྱེད་པ། མཚོ་སྔོན་གྱི་ཐོན་རྫས་ཧྲན་ཏུང་ནས་འཚོང་བའི་ལམ་བུ་རྒྱ་སྐྱེད་དེ། ཕྱོགས་གཉིས་ཀྱི་གནས་སྐོར་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕ་ཁི་སི་ཐན་ས་གདན་བཟོ་སྐྲུན་དང་ཕྱིར་འདྲེན་ཚོང་བའི་མཐུན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ཨ་ཧི་ཐ་ཨར•ན་ཅི་ཨར•ཁི་ཧན་གྱིས་མཚོ་སྔོན་ཕྱོགས་ཀྱིས་སྣེ་ལེན་བཟང་བོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་གྲོས་གཞིས་འཛམ་གླིང་ཧྲིལ་བོ་སྦྲེལ་མཐུད་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ཐད་ཀྱི་བར་སྟོང་གསར་བ་དང་ཁྱབ་ཁོངས་གསར་བ་གསར་གཏོད་བྱས། མཚོ་སྔོན་གྱིས་འཛམ་གླིང་ས་གདན་ལས་རིགས་ཀྱི་མིང་དུ་གྲགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམ་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། དེས་བརྗེ་རེས་གཏིང་ཟབ་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ལ། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་དམ་ཟབ་ཏུ་བཏང་ཟེར།
ཞིན་ཅང་ཡུ་གུར་རིགས་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཨོ•སེ་དབྱི་ཐེ་ཧ་མུའུ་ཀྲ། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་གོ་དབྱིན། བལ་བོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལེ་ལ•མཱ་ཉི•པའོ་ཏི་ཨར། དབྱི་ལིང་ཉོ་ཚོང་བཟོ་ལས་གཏེར་ཐོན་པུའུ་ཡི་པུའུ་ཀྲང་གཞོན་པ། དབྱི་ལིང་རྒྱལ་ཁབ་ས་གདན་ལྟེ་གནས་ཀྱི་ཀྲུའུ་ཞི་ཁཱ་ག དབྱི་ལིང་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་ཚོང་དོན་དཔོན་པོ་ཨ་གི་ཀྲ་ཏེ། ཕ་ཁི་སི་ཐན་ཕང་ཀྲིག་ཕུའུ་ཞིང་ཆེན་གྱི་སྤྱིའི་འཐུས་ཚབ་པ། བཟོ་ལས་ཉོ་ཚོང་ཐད་ཀྱི་དྲུང་ཡིག་ཆེན་མོ་མུའུ་དབྱི་ཏི•ཨ་མན•ལ་ནཱ། རྒྱ་གར་ས་གདན་ཕྱིར་འཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཨོ་མུའུ•ཕུའུ་ལཱ་ཁ་སི•ཀི་སོགས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་བཞུགས་མོལ་ལ་ཞུགས།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཡུས་པོ་དང་ཐེན་ཅིན་ཁྲིན་གཉིས་བཞུགས་མོལ་ལ་ཞུགས།