མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བ་ཟི་ལིང་ནས་གྲོལ།
2017.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བ་ཟླ་དྲུག་པའི་ཚེས་གཉིས་ཉིན་ཟི་ལིང་ནས་གྲོལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མི་ཞེ་གཉིས་གྲོས་ཚོགས་ལ་ཞུགས་པ་དང་། དེ་བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན། དབང་མོས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས«རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྲོལ་ཡིག»དང་། «ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བརྒྱུད་རིམ་གྱི་གཏན་ཁེལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན»ལ་ཆོག་མཆན་འགོད་པའི་གྲོས་ཆོད་དང་། «ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག»ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་བ་དང་། མུའུ་ཏུང་ཧྲིན་གྱིས་གསར་དུ་བསྐོ་གཞག་བྱས་པའི་འབྲེལ་ཡོད་བློ་མཐུན་ལ་འགན་བསྐོས་ཡི་གེ་བྱིན།

ཚོགས་ཐོག་ནས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།