ཝང་གོ་ཧྲིན་བོད་ཀྱི་ས་གདན་འགྲེམ་སྟོན་ཁང་དུ་སོང་ནས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་མིང་གྲགས་ཐོན་རྫས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
2017.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་ཟི་ལིང་མཁར་ལྷོ་གཞིས་ཁུལ་གསར་བའི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་འགྲེམ་ཁང་དུ་ཞུགས།

འགྲེམ་སྟོན་ཁང་ནང་ནི་ས་གདན་གྱི་འཇིག་རྟེན་ཞིག་ཡིན་པ་དང་། རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བ། རྣམ་པ་མི་འདྲ་བ། ཁྱད་ཆོས་མི་འདྲ་བ་བཅས་ཀྱི་འགྲེམ་སྟོན་དངོས་རྫས་ཀྱིས་ཡོངས་སུ་བརྒྱན་ཡོད། ད་ལོར་དབྱི་ལང་དང་བལ་བོ། རྒྱ་གར། ཕ་ཁི་སི་ཐན། འཇར་མན་སོགས་རྒྱལ་ཁབ་ཉེར་གསུམ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་དགུའི་ཚོང་མགྲོན་པ་རྣམས་འགྲེམ་སྟོན་བྱེད་སྒོར་ཞུགས་ཡོད་པས། ཐེངས་འདིའི་འགྲེམ་སྟོན་ལ་མི་གྲངས་མང་ལ་རིམ་པ་མཐོ་བ། གཞི་ཁྱོན་ཆེ་ཞིང་ཤུགས་རྐྱེན་ཆེ་བ་བཅས་ཀྱི་རྣམ་པ་བཟང་བོ་ལྡན།
དབྱི་ལང་འགྲེམ་སྟོན་ཁང་དུ་འདྲ་རིས་སྣ་མང་ཕུན་ཚོགས་ཀྱིས་ཚོང་མགྲོན་པ་རྣམས་ཀྱི་མིག་དབང་ཅིག་ཅར་འཕྲོག ཝང་གོ་ཧྲིན་གྱིས་འགྲེམ་སྟོན་སྟེང་ཕེབས་པའི་ཚོང་མགྲོན་ལ་ལག་འཇུ་བྱས་ཏེ་གླེང་མོལ་བྱས་ཤིང་། ས་གདན་གྱི་རྣམ་པ་དང་བཟོ་བཀོད། ཁྲོམ་ར། རིན་གོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཚོང་མགྲོན་མེ་ཁི་ཡིས་ཧྲུའུ་ཅི་ཝང་གོ་ཧྲིན་ལ་བཤད་རྒྱུར། ང་རང་ཀྲུང་གོར་དགའ་ཞེན་ཡོད་ཅིང་མཚོ་སྔོན་ནི་ས་ཆ་བཟང་བོ་ཞིག་རེད། ང་རང་ལོ་རེར་འགྲེན་སྟོན་བྱ་བར་ཞུགས་པ་ཡིན་ལ། ཐེངས་འདིའི་འགྲེམ་སྟོན་སྟེང་དུ་མའོ་ཀྲུའུ་ཞི་ཡི་འདྲ་རིས་གཙགས་མ་དང་། མཚོ་སྔོན་པོའི་མཛེས་ལྗོངས་སོགས་ཀྲུང་གོའི་རིག་གནས་གྲུབ་རྒྱུ་ཡིན་པའི་སྟག་གཟིག་ས་གདན་འཁྱེར་ཡོང་ཡོད། ཝང་གོ་ཧྲིན་གྱིས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། དར་གོས་ཚོང་ལམ་གྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་བའི་དུས་མཚུངས་སུ། རིག་གནས་བརྗེ་རེས་ཀྱང་ཞ་དང་ཞོར་ལ་འཁྱེར་ཡོང་བས། ལམ་བུ་འདི་སྔར་ལས་ཁོད་ཇེ་ཡངས་ནས་ཇེ་ཡངས་སུ་འགྱུར་རྒྱུ་ཁོ་ཐག་ཡིན། ཚོང་མགྲོན་ནཱ་ཧྲི་ཨར་གྱིས་ཚང་མར་སྟག་གཟིག་ས་གནད་གྱི་ལག་ཤེས་བཟོ་བཀོད་དང་སྐྱ་རིས་ཕབ་སྟངས་བསྟན་པ་དང་། ཝང་གོ་ཧྲིན་གྱིས་ནཱ་ཧྲི་ཨར་ལ་བོད་ཀྱི་ས་གདན་སྐོར་ནས་ལྟ་ཚུལ་དྲིས་པ་ན། ཁོས་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་གྱི་གཞི་རྒྱ་ལོ་རེ་ནས་ལོ་རེར་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ཚོང་རྫས་ཀྱང་སྔར་ལས་སྣ་མང་ཕུན་ཚོགས་ཅན་དུ་འགྱུར་བཞིན་ཡོད་པར་མ་ཟད། ཚོང་རྫས་ཀྱི་སྤུས་ཚད་ཀྱང་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ང་ཚོའི་ཡིད་ཆེས་ཀྱང་སྔར་ལས་ཇེ་བརྟན་ནས་ཇེ་བརྟན་རེད་ཅེས་བཤད་པ་ན། ཝང་གོ་ཧྲིན་གྱིས་ཀྱང་ལྟ་ཚུལ་དེར་འཐད་པ་བྱུང་བའི་བརྡ་བསྟན།

ཕ་ཁི་སི་ཐན་འགྲེམ་སྟོན་ཁང་དུ། ཕ་ཁི་སི་ཐན་ས་གདན་སྒྲིག་བཟོ་དང་ཕྱིར་འཚོང་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁི་ཧན་གྱིས་ཝང་གོ་ཧྲིན་ལ་སྲོལ་རྒྱུན་གྱི་རྒྱ་གར་ཞྭ་མོ་ཞིག་ལེགས་སྐྱེས་སུ་གནང་ནས་བཤད་རྒྱུར། མཚོ་སྔོན་བོད་གདན་འགྲེམ་ཚོགས་རྒྱལ་ཁའི་ངང་བསྡུས་པ་དེས། ཀྲུང་གོ་དང་པ་ཁི་སི་ཐན་བར་གྱི་ཉོ་ཚོང་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་ཡོད་པར་མ་ཟད། མཚོ་སྔོན་དང་ཟི་ལིང་གི་མིང་གྲགས་ཀྱང་སྔར་ལས་ཇེ་ཆེར་བཏང་ཡོད་ཟེར། ཝང་གོ་ཧྲིན་གྱིས་ཁི་ཧན་གྱིས་བོད་ཀྱི་ས་གདན་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས་ཏེ་བཤད་རྒྱུར། བོད་ཀྱི་ས་གནད་འགྲེམ་སྟོན་བསྡུས་པ་ནི་མཚོ་སྔོན་རྒྱ་བསྐྱེད་སྒོ་འབྱེད་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་བྱེད་ཕྱོགས་དང་སིམ་འདྲེས་ཡོང་བར་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས།ང་ཚོས་བོད་ཀྱི་ས་གདན་འགྲེམ་ཚོགས་འདི་ཉིད་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་མིང་གྲགས་ཐོན་རྫས་ཆེན་པོ་ཞིག་ཏུ་བསྐྲུན་པར་འབད་ནས། དར་གོས་ཚོང་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གཉིས་གཞི་གཅིག་ཏུ་སྦྲེལ་མཐར། ཕན་ཚུན་གཉིས་ཕན་གཉིས་རྒྱལ་དང་མཉམ་དུ་འཕེལ་རྒྱས་གཏོང་བར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

དེའི་རྗེས་ཝང་གོ་ཧྲིན་སྔ་ཕྱིར་པེ་ཅིན་དང་ཐེན་ཅིན། ཧྲན་ཏུང་། ཧི་པེ། ཅང་སུའུ། ཉིན་ཞ། ཀན་སུའུ། ཞིན་ཅང་། བོད་ལྗོངས་སོགས་ཀྱི་འགྲེམ་སྟོན་ཁང་དུ་ཞུགས།
ཝང་ཡུས་པའོ་ཡིས་འགྲོ་རོགས་བྱས།