ཟླ་དྲུག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་མཁར་ལྷོ་ཁུལ་གསར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། 2017ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བར་དམིགས་པ། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བཏོན་པའི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་སྟེང་གི་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་པའི་རེ་བ་ལྟར་དུ། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ནས། བོད་ཀྱི་ས་གདན་འགྲེམ་སྟོན་གྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།
ཝང་ཅན་ཅུན་སྔ་གཞུག་ཏུ་ཞེའོ་ཀྲིག་འཁེལ་འཐག་སྡེ་ཚོགས་དང་ཁཱ་པིས་ཐི་འཁེལ་འཐག་ཚད་ཡོད་ཀུང་ཟི། ཧི་མ་ལ་ཡ་ས་གདན་ཚད་ཡོད་ཀུང་ཟི། ཧྲིན་ཡོན་ས་གདན་ཚད་ཡོད་ཀུང་ཟི་སོགས་མཚོ་སྔོན་གྱི་ས་གདན་འཁེལ་འཐག་ཁེ་ལས་ཀྱི་འགྲེམ་སྟོན་ཁུལ་དུ་སོང་ནས་ལྟ་སྐོར་བྱས་ཏེ། ཁེ་ལས་ཀྱི་འགྲེམ་སྟོན་དང་ཚོང་གཉེར་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས། ཝང་ཅན་ཅོན་ད་དུང་ཧྲན་ཏུང་དང་པེ་ཅིན། ཞིན་ཅཱང་། དབྱི་ལིང་། ནེ་པ་ལ། རྒྱ་གར་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོམས་ཁང་དུ་ལྟ་སྐོར་བྱེད་དུ་སོང་ནས། འགྲེམ་སྟོན་ལ་ཞུགས་མཁན་གྱི་ཚོང་བ་དང་ཉོ་ཚོང་བྱེད་མཁན་གྱི་ཚོང་བའི་འགྲེམ་ཚོགས་ཐད་ཀྱི་གདེང་འཇོག་ལ་རྒྱུས་ལོན་བྱས། ཝང་ཅན་ཅོན་གྱིས་བཤད་རྒྱུར། ས་གདན་ནི་ཚོང་རྫས་ཡིན་ལ། སྒྱུ་རྩལ་དངོས་རྫས་ཀྱང་ཡིན་པ་དང་། འགྲེམ་ཚོགས་ནི་ཐོན་རྫས་ཀྱི་འགྲེམ་སྟོན་ཡིན་ལ། རིག་གནས་བརྗེ་རེས་ཀྱི་འགྲེམ་ཚོགས་ཀྱང་ཡིན། སྐབས་འདིའི་ས་གདན་འགྲེམ་སྟོན་གྱིས་ལྗང་མདོག་གི་ས་གདན་འཐག་པ་དང་རྒྱུད་གཅིག་ལམ་གཅིག་གི་ལམ་བུ་འཛུགས་པ་བརྗོད་སྙིང་དུ་བྱས་ཡོད་པ་དང་། འགྲེམ་སྟོན་བསྒྲུབ་པའི་འདུ་ཤེས་དང་གཞི་ཁྱོན། འགྲེམ་སྟོན། མི་གཞུང་བརྗེ་རེས་སོགས་ཕྱོགས་ནས་ཁྱད་ཆོས་གསར་བ་མངོན་པར་བྱས་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་དང་ཚོང་བ། རྒྱ་ཆེའི་འཛད་སྤྱོད་པ་བཅས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས། མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་རྒྱུད་གཅིག་ལམ་གཅིག་འཐབ་ཇུས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་འགྲེམ་ཚོགས་ཐད་བཏོན་པའི་རེ་བ་ལྟར། ཉམས་མྱོང་སྤྱི་སྡོམ་དང་ཤུགས་རྐྱེན་ཇེ་ཆེར་བཏང་སྟེ། འགྲེམ་ཚོགས་སྔར་ལས་བཟང་བོར་བསྒྲུབ་པར་ཁག་ཐེག་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། རིགས་སྣ་ཇེ་མང་དུ་གཏོང་བ་དང་རྒྱུ་སྤུས་ཇེ་མཐོར་གཏོང་བ། ཚོང་རྟགས་མིང་གྲགས་ཅན་གསར་གཏོད་བྱེད་པའི་འགུལ་སྐྱོད་སྤེལ་ནས། མཚོ་སྔོན་ས་གདན་ལས་རིགས་ཀྱི་མཚན་སྙན་དང་ཚོང་རའི་ཟིན་ཚད་ཇེ་མཐོར་གཏོང་དགོས། བོད་ཀྱི་ས་གདན་གྱི་རྣམ་པ་གསར་བ་དང་མ་དཔེ་གསར་བ། འཛད་སྤྱོད་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་དང་འཆར་འགོད། ཐོན་སྐྱེད། ཉོ་ཚོང་། འཛད་སྤྱོད། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། ཚད་གཞི་མཐོར་འདེགས་བྱེད་པ། བོད་ཀྱི་ས་གདན་ལས་རིགས་སྣ་མང་ཅན་དང་ཁྱད་ཆོས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་བོད་ཀྱི་ས་གདན་ཚོང་རྟགས་ཚད་གཞིའི་མཚན་སྙན་མཐོར་འདེགས་བྱེད་དགོས་ཟེར།
ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་མཉམ་དུ་ལྟ་སྐོར་བྱས།