རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚན་ཁག་མཚོ་སྔོན་ཞིང་ཆེན་ནས་བསྡད་དེ་བདེ་འཇགས་ཐོན་སྐྱེད་ཐད་སྐོར་ཞིབ་བྱས།
2017.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚན་ཁག་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཟླ་དྲུག་པའི་ཚེས་དྲུག་ཉིན་བསྡུས་པ་དང་། སྐོར་ཞིབ་ཚན་ཁག་གི་ཚན་གཙོ་ཧྲི་ཡུས་པོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་བྱ་བ་ཡར་ཞུ་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས།

ཧྲིན་ཡུས་པོ་ཡིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་ལམ་ལུགས་བཙུགས་ཏེ་ལག་བསྟར་བྱེད་པ་ནི། བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་པ་དང་། ས་གནས་སྲིད་གཞུང་གི་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་གསར་གཏོད་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་སོགས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ལེན་པ་དང་། བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དངོས་སུ་བསམ་བློ་དང་སྦྱོར་བ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། བདེ་འཇགས་སྐོར་ཞིབ་བྱ་བ་བཟང་པོར་སྒྲུབ་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་དངོས་སུ་ཇེ་དྲག་ཏུ་གཏོང་དགོས་ཟེར།
རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ན། སྐོར་ཞིབ་ཚན་ཁག་དྲུག་པས་མཚོ་སྔོན་ཞིང་ཆེན་ནས་བདེ་འཇགས་ཐོན་སྐྱེད་ཐད་སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་། དུས་ཚོད་ཟླ་གཅིག་ལས་ཐུང་མི་ཆོག བདེ་འཇགས་ཐོན་སྐྱེད་ཐད་སྐོར་ཞིབ་བྱ་ཡུལ་གཙོ་བོ་ནི་ཞིང་ཆེན་རིམ་པའི་མི་རིགས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ཡིན་པ་མ་ཟད། བྱ་བའི་དགོས་མཁོ་ལྟར། གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་། ཞང་གྲོང་དང་འབྲེལ་ཡོད་ཁེ་ལས་གལ་ཆེན་གྱི་ཕྱོགས་སུ་རྒྱ་བསྐྱེད་དེ། གཙོ་བོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། སྐོར་ཞིབ་ཀྱི་ལས་འགན་གཙོ་བོ་ནི་གནད་དོན་འཚོལ་བ་དང་། ལེགས་བཅོས་ལ་ཡར་སྐུལ་བྱེད་པ། སྐོར་ཞིབ་ཟབ་མོ་བྱས་ཏེ་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། འབུར་ཐོན་གནད་དོན་ཧུར་ཐག་གིས་འཚོལ་བ་དང་། རྩ་བའི་གནད་དོན་ཟབ་སྔོག་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དེ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཐད་སྐོར་ཞིབ་བྱེད་པ་ནི། མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་བྱེད་པ་ཡིན་པས། ང་ཚོས་ངེས་པར་དུ་བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་པ་དང་། ཆབ་སྲིད་རང་རྟོགས་དང་འགན་ལེན་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཆེན་པོའི་འདུ་ཤེས་བརྟན་པོར་བཅངས་པ། བསམ་བློ་དང་སྦྱོར་བ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་དང་བླང་བྱའི་སྟེང་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པ། སྐོར་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་དང་རང་འགུལ་གྱིས་ཟབ་ཞུགས། རྣམ་དག་གིས་དང་ལེན་བཅས་བྱས་ཏེ། གནད་དོན་གསལ་འདོན་བྱེད་ཕོད་པ་དང་གནད་འོད་གསལ་འདོན་བྱེད་པར་མི་སྐྲག་པར་གནས་ཚུལ་ཆེས་ངོ་མ་དེ་སྐོར་ཞིབ་ཚན་ཁག་ལ་ཤེས་སུ་འཇུག་དགོས་ཟེར།