མཚོ་སྔོན་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྒྲོག་འགྲེལ་བྱ་འགུལ་ཁྱོན་ཡོངས་ནས་སྤེལ།
2017.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆོག་མཆན་བཀོད་པའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྒྲོག་འགྲེལ་བྱ་བའི་ཇུས་གཞི་ཞེས་པའི་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ས་གནས་བཅས་ཀྱི་སྒྲོག་འགྲེལ་རུ་ཁག་གིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་སྒྲོག་འགྲེལ་བྱ་བར་བཏོན་པའི་སྒྲོག་འགྲེལ་གྱིས་བྱེད་ཐབས་ཀྱི་སྟེང་ནས་གསར་གཏོད་ཡོང་བར་དོ་སྣང་བྱེད་པ་དང་། ཕྱོགས་མང་པོ་དང་གཞི་རིམ་གྱི་འབྲེལ་གཏུག་དང་མཉམ་སྒུལ་ལ་དོ་སྣང་བྱས་ཏེ། སྒྲོག་འགྲེལ་བྱ་འགུལ་མཐའ་འཁྱོལ་བའི་ངང་སྤེལ་དགོས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཉིད་རིམ་པ་སོ་སོའི་ལས་བྱེད་པ་དང་རྒྱ་ཆེ་བའི་མང་ཚོགས་ཀྱི་རང་རྟོགས་ལག་ལེན་དུ་བསྒྱུར་རྒྱུ་ནི། ང་ཚོའི་དམིགས་འབེན་ཡིན་ཞེས་པའི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་ལག་ལེན་མཐར་ཕྱིན་བྱས་ནས། ཧུར་བརྩོན་ཆེན་པོས་གསར་གཏོད་དང་སྒྲོག་འགྲེལ་བྱ་འགུལ་མཐའ་འཁྱོལ་ངང་སྤེལ་བའི་སྟེང་ཤུགས་བསྣན། མིག་སྔར། སྒྲོག་འགྲེལ་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་ཏེ་ཐོག་མའི་སྐས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཡོད།

དུས་ཡུན་ཉིན་གཉིས་རིང་གི་སྒྲོག་འགྲེལ་བྱ་འགུལ་ཁྲོད་དུ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། སྟོང་སྐོར་རྫོང་། ཀོས་ནན་རྫོང་། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་ནཱ་ལུང་ཁུགས་སྡེ་བ། ཞོན་ཧྭ་ཟ་ལར་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་ཟི་ཞང་ཧུང་ཀོང་སྡེ་བ། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་མཁར་ལྷོའི་གཞིས་ཁུལ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མགོ་ལོག་གཙང་གོང་མ་སྡེ་བ། རྫ་སྟོད་རྫོང་རྣམ་སྲས་གྲོང་རྡལ་དང་བྱ་ཕུག་ཐང་གྲོང་རྡལ་བཅས་སུ་སོང་ནས། དེ་གའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་ནས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ཁྲོད་དུ། རིམ་པ་སོ་སོའི་སྒྲོག་འགྲེལ་ཁོངས་མིས་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་ཕུལ་བའི་སྙན་ཞུའི་གཙོ་གནད་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྒྲོག་འགྲེལ་གནད་བསྡུས་གཉིས་གཞིར་བཟུང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དངོས་ཡོད་གནས་ཚུལ་དང་དམ་དུ་སྦྲེལ་བ་དང་། མིག་སྔའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྣམ་པར་ཟུང་འབྲེལ་བྱེད་པ། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བ། མ་ལག་མི་འདྲ་བའི་དངོས་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་བ། རྒྱ་ཆེ་བའི་ཏང་ཡོན་དང་རྒྱ་ཆེ་བའི་མང་ཚོགས་ཀྱི་བསམ་བློ་དང་བྱ་བ་དངོས་ལ་ཟུང་འབྲེལ་བྱེད་པ་བཅས་ལ་འབད་ནས། དོན་དངོས་བསྒྲུབས་པ་དང་དཔེ་སྟོན་བྱ་བ་སྙིང་བོར་འཛིན་པ། གྲངས་གནས་ཡང་དག་ཡོང་བར་བྱེད་པ་སོགས་བྱས་ཏེ། ཁྱོན་ཡོངས་དང་ཡང་དག་པ། མཐིལ་ཕྱིན་པ་བཅས་ཀྱི་སྒོ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བརྗོད་དོན་དང་། འདས་པའི་ལོ་ལྔའི་རིང་བླངས་པའི་གྲུབ་འབྲས། མ་འོངས་ལོ་ལྔའི་དམིགས་འབེན་གཙོ་བོ། གཞི་རྩའི་བླང་བྱ་དང་བཀོད་སྒྲིག་གཙོ་བོ་སོགས་སྒྲོག་འགྲེལ་བྱས་ཏེ། ལས་བྱེད་མང་ཚོགས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ཡང་དག་བླངས།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། སྒྲོག་འགྲེལ་ལ་ཉན་པ་བརྒྱུད། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གཞི་རྩའི་དགོངས་དོན་ལ་རྒྱུས་ལོན་ཡོད་པར་གྱུར་བ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བར་མ་ཟད། དུས་མཚུངས་སུ། སྒྲོག་འགྲེལ་བྱས་པ་ཡུལ་བབ་དང་དངོས་ཡོད་ལ་འཚམ་པར་མ་ཟད། གོ་སླ་ཞིང་ཉན་བདེ་བ། ཡིད་རྟོན་རུང་བ་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་ཡོད་ཟེར།

ཚང་མས་མགྲིན་གཅིག་ཏུ་བཞེད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དེ་བྱ་བ་ཡར་ལྡན་དུ་སྤེལ་བའི་རང་རྟོགས་ལག་ལེན་དུ་བསྒྱུར་ནས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། སྐས་རིམ་གསར་བའི་སྟེང་དུ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཟེར།