ཝང་གོ་ཧྲིན་གྱིས་ཁུ་ནུ་སློབ་འབྲིང་གི་མཐོ་རྒྱུགས་བྱ་བར་སྐོར་ཞིབ་བྱས།
2017.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དྲུག་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་རྒྱུགས་ཞུགས་སློབ་མ་རྣམས་ལ་བརྩེ་བ་ཟབ་མོ་བཅངས་ཏེ། མཚོ་སྔོན་ཁུ་ནུ་སློབ་འབྲིང་དུ་སོང་ནས་མཐོ་རྒྱུགས་ཀྱི་རྒྱུགས་རར་སྐོར་ཞིབ་བྱས།

ཝང་གོ་ཧྲིན་ཁུ་ནུ་སློབ་འབྲིང་གི་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་སུ་སོང་ནས། བརྙན་རིས་ལྟ་སྐུལ་མ་ལག་བརྒྱུད་ནས་རྒྱུགས་ར་སོ་སོའི་རྒྱུགས་ཞུགས་སློབ་མའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་སྐུལ་བྱས་པ་དང་། མཐོ་རྒྱུགས་བྱ་བར་འབྲེལ་བ་ཡོད་པའི་སྨན་བཅོས་དང་སྤྱི་བདེ། མེ་འགོག གློག་ཤུགས་སོགས་ཀྱི་བྱ་བའི་འགན་སྲུང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

ད་ལོའི་ཞིང་ཆེན་གྱི་མཐོ་རྒྱུགས་བྱ་བ་བདེ་ལེགས་ངང་སྤེལ་བཞིན་པ་མཐོང་བས། ཝང་གོ་ཧྲིན་གྱིས་མཐོ་རྒྱུགས་འབྲེལ་ཡོད་བྱ་བར་ཁས་ལེན་ཡང་དག་བྱས་པ་དང་། ཞིང་ཆེན་མཐོ་རྒྱུགས་བཀོད་འདོམས་ལྟེ་གནས་ཀྱི་ལས་རེས་ཀྲུའུ་རིན་གཞོན་པ་ཙུན་ཡེ་ཚེ་དང་མཉམ་དང་བརྙན་མིག་བརྒྱུད་ནས་ཁ་བརྡ་བྱེད་སྐབས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཁྱེད་ཅག་གིས་མཐོ་རྒྱུགས་ཐད་བསྒྲུབས་པའི་བྱ་བ་ནི་ནན་ཏན་ཡིན་ལ། ཕན་འབྲས་ཆེན་པོ་ལྡན་པ་ཞིག་ཀྱང་ཡིན་པས། ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ད་ལོའི་མཐོ་རྒྱུགས་བྱ་བ་བདེ་ལེགས་ངང་སྤེལ་ཆེད་ནུས་ཤུགས་གང་ཡོད་འདོན་གྱིན་པའི་ལས་བྱེད་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གིས་ད་དུང་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱས་ནས། མཐོ་རྒྱུགས་བྱ་བ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

སྐོར་ཞིབ་བྱེད་པའི་ཉིན་དེར། ཝང་གོ་ཧྲིན་གྱིས་ད་དུང་ཁུ་ནུ་སློབ་འབྲིང་གི་སློབ་སྒྲུབ་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས།

ཝང་ཡུས་པོ་ཡིས་སྐོར་ཞིབ་བྱེད་རོགས་བྱས།