ཟླ་དྲུག་པའི་ཚེས་དགུ་ཉིན་གྱི་དགོང་མོར། ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་མགོ་རྩོམ་མཛད་སྒོ་དང་རིག་གནས་སྒྱུ་རྩལ་འཁྲབ་སྟོན་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་མགོ་དངོས་སུ་བརྩམས་པ་བསྒྲགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ།
ཝང་ཅན་ཅུན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མགོ་རྩོམ་མཛད་སྒོར་ཞུགས་པའི་སྐུ་མགྲོན་དང་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། རིག་གནས་ཀྱིས་ལུས་སེམས་གསོས་ཡོད་ཅིང་། ཡུལ་སྐོར་གྱིས་མིག་རྒྱ་བསྐྱེད་ཡོད་ལ། ལུས་རྩལ་ནི་བདེ་ཐང་ལ་ཕན་པ་ཆེ། རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ཡིན་པའི་དུས་ཆེན་འདིའི་ཁྱད་ཆོས་གཙོ་བོ་མཛེས་པའི་མཚོ་སྔོན་དྲིལ་སྒྲོག་དང་འགྲེམ་སྟོན་བྱེད་སའི་སྒེའུ་ཁུང་ཆེན་པོ་ཞིག་ཏུ་བལྟས་ནས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་བདེ་སྐྱིད་མཉམ་མྱོང་དང་ལུས་སེམས་བདེ་བས་འཚོ་བ། ཕན་ཚུན་མཉམ་འདྲེས་བཅས་ཡོང་བར་བྱེད་པའི་རྫོགས་ལྡན་གྱི་དུས་ཆེན་ཞིག་ཡིན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ལྗང་མདོག་དང་སིམ་འདྲེས། གསར་གཏོད་བཅས་བརྗོད་གཞིར་བཟུང་ནས། མི་དམངས་མང་ཚོགས་ཀྱི་དུས་ཆེན་སྐུད་རྒྱུན་འབུར་ཐོན་ཡོང་བར་བྱས་ཏེ། རིག་གནས་བྱ་འགུལ་དང་ཡུལ་སྐོར་བྱ་འགུལ། ལུས་རྩལ་བྱ་འགུལ་བཅས་བྱ་འགུལ་གསུམ་གཞི་གཅིག་ནས་སྤེལ་བ་ཅན་ཞིག་ཡིན་པས། དེས་བྱེད་སྒོའི་ནང་དོན་འཛོམས་པོ་ཅན་དང་བྱེད་སྒོའི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། དུས་ཚིགས་རེ་རེར་གཙོ་གནད་ཡོད་པ་དང་ཟླ་རེ་རེར་བཀོད་སྒྲིག་ཡོད་པ། ཉིན་རེ་རེར་བྱ་འགུལ་ཡོད་པར་གྱུར་ནས། རིགས་སོ་སོའི་མི་དམངས་མང་ཚོགས་ཡོངས་ལ་སྤྲོ་བ་དང་བདེ་སྐྱིད་སྦྱིན་ངེས་ཟེར།
ཝང་ཅན་ཅུན་གྱིས་བསྟན་དོན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་བསྒྲུབས་པ་ནི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་གྲོལ་མ་ཐག་པའི་སྐབས་དང་འཁེལ་ཡོད་ཅིང་། དེ་ནི་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱེད་པ་གོ་སྐབས་སུ་བཟུང་ནས། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་དཀྱིལ་སྙིང་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་དགོས་ཤིང་། ཤུགས་ཆེན་པོས་བསྒྱུར་བ་བཞི་ཡར་ལྡན་དུ་སྤེལ་བ་དང་། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལུས་རྩལ་གྱི་མིང་གྲགས་ཐོན་རྫས་རིན་ཐང་བསྐྲུན་ནས། ཁྱད་ལྡན་རིག་གནས་ཡུལ་སྐོར་ལུས་རྩལ་ལས་དོན་གསོ་སྐྱོང་བྱེད་དགོས་པར་མ་ཟད། ཁྱོན་ཡོངས་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།
མཛད་སྒོ་བསྡུས་རྗེས། མཛེས་པའི་མཚོ་སྔོན་ང་ཡི་ཁྱིམ་ཞེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་དགོང་ཚོགས་ཉིད་ཉམས་ཆེ་བའི་མགོ་རྩོམ་བྲོ་གར་འཆམ་མཐུན་རྫོགས་ལྡན་ཞེས་པ་དང་འགྲོགས་ནས་དུས་ཆེན་གྱི་མགོ་བརྩམས།
འཁྲབ་སྟོན་མཇུག་རྫོགས་རྗེས། ཝང་གོ་ཧྲིན་དང་ཝང་ཅན་ཅོན་སོགས་མགོ་ཁྲིད་རྣམས་གར་སྟེགས་སྟེང་བུད་དེ། རྒྱ་ཆེ་བའི་འཁྲབ་སྟོན་པ་རྣམས་དང་ལག་འཇུ་བྱས་ནས་མཉམ་པར་བླངས་པ་དང་། འཁྲབ་སྟོན་བདེ་ལེགས་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས། ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱ་ཆེ་བའི་འཁྲབ་སྟོན་པ་རྣམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། འདི་ནི་བརྗོད་དོན་གསར་ཤོས་ཆེ་ཞིང་གདངས་དབྱངས་མཐོ་ལ། ཉམས་འགྱུར་སྟོང་ལྡན་གྱིས་ཕྱུག་པའི་འཁྲབ་སྟོན་ཞིག་རེད། མི་རིགས་ས་ཁོངས་ཀྱི་རིག་གནས་སྣ་མང་དང་། ཕུན་སུམ་ཚོགས་པའི་སྒྱུ་རྩལ་མཚོན་སྟངས་རྣམ་པས་འཆམ་མཐུན་གྱི་སྒྲ་དབྱངས་གྲུབ་ཅིང་། མཛེས་པའི་མཚོ་སྔོན་གྱི་བློ་གཤོག་ཆེན་པོ་དང་མཚར་སྡུག་བརྗིད་ཉམས་མངོན་པར་བཀྲམ་པར་མ་ཟད། མཚོ་སྔོན་རིག་གནས་ཀྱི་ཁྱད་ཆོས་དམིགས་བསལ་བ་དང་གོང་བུ་གཅིག་གྱུར་གྱི་ཆ་དེ་མངོན་ཡོད། འཁྲབ་སྟོན་ཧྲིལ་བོས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཏང་ཡོངས་དང་སྲོག་ཤིང་ལ་བཅངས་པའི་བརྩེ་བ་འཛད་མེད་མཚོན་ཡོད་ཅིང་། ཕ་ཡུལ་ལ་བཅངས་པའི་བརྩེ་བའང་མཚོན་ཡོད་པར་མ་ཟད། མ་འོངས་པར་བཅངས་པའི་རེ་བའང་མཚོན་ཡོད་། ཐེངས་འདིའི་འཁྲབ་སྟོན་གྱིས་དབྱངས་རྟ་གཙོ་བོ་གྱེར་ནས་དྲང་ཕྱོགས་ཀྱི་ནུས་ཚད་ཀྱིས་ཕྱུག་པར་མ་ཟད། འཁྲབ་སྟོན་འདིས་མཚོ་སྔོན་མི་དམངས་ཀྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་བསྐྱེད་ཡོད་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཡུས་པོ་དང་ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་དབང་མོ། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་དང་། ཝང་ལིས་མེན། ཡང་ཧྥིན་ཁྲོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་བཅས་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད། ཟི་ལིང་ས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་བལྟས།