ཧན་ཆི་ཏི་ཡིས་རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས། ཐོན་ལས་བདེ་ཐང་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
2017.06.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི་ཡིས་རྟོག་ཞིབ་ཚན་ཁག་གཉིས་ཀྱི་སྣེ་ཁྲིད་དེ། སོ་སོར་མཚོ་སྔོན་ཚྭ་འདམ་གཞོང་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས། བདེ་ཐང་གི་ཐོན་ལས་འཕེལ་རྒྱས་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས།

ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་ཐོན་ལས་བདེ་ཐང་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་སྙན་ཞུར་ཉན་པར་མ་ཟད། བསམ་ཚུལ་བརྗེ་རེས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས། ཧན་ཆི་ཏི་ཡིས་མཚོ་སྔོན་གྱི་ཐོན་ལས་བདེ་ཐང་འཕེལ་རྒྱས་བྱ་བར་ཁས་ལེན་ཡང་དག་བྱས། ཁོས་བཤད་རྒྱུར། ཉིན་འགའི་རིང་གི་ཡུལ་དངོས་རྟོག་ཞིབ་བྱ་བ་བརྒྱུད་དེ། རྟོག་ཞིབ་ཚན་ཁག་གིས་བལྟས་ན། མཚོ་སྔོན་ལ་མཐོ་སྒང་ཁྱད་ལྡན་ཐོན་ལས་ཀྱི་ཕྱོགས་སུ་དགེ་མཚན་ཆེན་པོ་ལྡན་པ་དང་། ཐོན་ལས་བདེ་ཐང་འཕེལ་རྒྱས་ཀྱི་མགོ་རྩོམ་པའི་དུས་རིམ་དུ་གནས་སྟབས། ཡུལ་སྐོར་བདེ་ཐང་དང་སྤྲོ་འཆམ་ལུས་སྦྱོང་། ཟས་རིགས་བདེ་ཐང་སོགས་ཐོན་ལས་སིམ་འདྲེས་འཕེལ་རྒྱས་ཐད་མི་མངོན་པའི་ནུས་ཤུགས་འཛད་མེད་ཡོད། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་བདེ་ཐང་འཕེལ་རྒྱས་ལ་མཐོང་ཆེན་བླ་མེད་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་བསྐྱར་དར་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་མཐོ་སྒང་དགེ་མཚན་དང་ཐོན་ཁུངས་དགེ་མཚན། ས་ཁོངས་དགེ་མཚན་བཅས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཐུན་མོང་མ་ཡིན་པའི་མཛེས་སྡུག་མཚོ་སྔོན་གྱི་བདེ་ཐང་མིང་གྲགས་ཐོན་རྫས་གཉེར་ནས། ལྗང་མདོག་ཟས་རིགས་ཐོན་སྐྱེད་ལས་སྣོན་དང་སྤྲོ་འཆམ་ཡུལ་སྐོར། ཁྱད་ལྡན་ལུས་རྩལ་འགྲན་སྡུར། ཕྱི་རོལ་ལུས་སྦྱོང་བཅས་འཐུས་ཚབ་ཡིན་པའི་ཐོན་ལས་བདེ་ཐང་གི་སྡེ་ཚོགས་ཀྱི་ཐོག་མའི་རྣམ་པ་གྲུབ་ཡོད་ཟེར།

ཧན་ཆི་ཏི་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཐོན་ལས་བདེ་ཐང་འཕེལ་རྒྱས་ཅུང་མངོན་གསལ་ཡིན་པ་དང་། དེ་བསྟུན་གྱི་གྲུབ་འབྲས་ཀྱང་ཉམས་དགའ་བ་ཞིག་བླངས་ཡོད་ནའང་། གཞི་ཁྱོན་ཆ་སྙོམས་ངང་ཆུང་བ་དང་ཁེ་ལས་གསར་གཏོད་ཀྱི་ནུས་པ་སྟོབས་ལྡན་མིན་པ། འཕེལ་རྒྱས་ཆུ་ཚད་མཐོན་པོ་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། མིག་སྔར། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གནོན་ཤུགས་ཆེ་བས། ཐོན་ལས་བདེ་ཐང་འཕེལ་རྒྱས་བྱ་བ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་སོགས་ཕྱོགས་དུ་མ་དང་གོ་རིམ་ཧྲིལ་བོའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ཏེ། ཐོན་ལས་བདེ་ཐང་ངང་འཕེལ་ཐུབ་པའི་ཁྱད་ལྡན་འཕེལ་རྒྱས་ལམ་བུ་ཞིག་འཚོལ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཡིན། ཐོན་ལས་བདེ་ཐང་གི་ནང་སྙིང་ལ་གོ་བ་ཡང་དག་བླངས་ནས། མཐོ་སྒང་གི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ནུས་པ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། གསར་གཏོད་སྐུལ་སྤེལ་བདེ་ཐང་ཐོན་ལས་ཀྱི་སྤུས་ཚད་ཕན་འབྲས་ཇེ་མཐོར་བཏང་ནས། བཅོས་སྒྱུར་བྱེད་ཐབས་དང་འབྲེལ་ཡོད་སྲིད་ཇུས་ཀྱི་དངོས་འབེབས་བྱ་བ་ཇེ་མགྱོགས་སུ་བཏང་བ་བརྒྱུད། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུའུ་ཞི་གཞོན་པ་ཧན་ཆི་ཏི་མཚོ་སྔོན་དུ་ཡོང་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། བསྟུད་མུར་ཉིན་འགའི་རིང་ལ། རྟོག་ཞིབ་ཚན་ཁག་གཞི་རིམ་དུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་ཐོན་ལས་བདེ་ཐང་འཕེལ་རྒྱས་བྱ་བར་མིག་རྒྱང་གསར་བ་དང་གྲོས་གཞི་གལ་ཆེན་འདོན་སྤྲོད་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་ཐེངས་འདིའི་རྟོག་ཞིབ་བྱ་བ་ནི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྟོག་ཞིབ་ཚན་ཁག་གིས་བཏོན་པའི་བསམ་འཆར་ལ་སློབ་སྦྱོང་མཐར་ཕྱིན་དང་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་དགོས་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྙོམ་སྒྲིག་ཡར་སྐུལ་བྱེད་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་དང་ཐོན་ལས་བདེ་ཐང་གི་ནང་སྙིང་ལ་གོ་བ་ཡང་དག་བླངས་ནས། བསམ་གཞིག་གཏོང་སྟངས་གསར་བསྒྱུར་བྱེད་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཁྲོམ་རར་ཞིབ་འཇུག་དང་ཁྲོམ་རའི་དགོས་མཁོར་བསྟུན་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཧན་ཆི་ཏི་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་སོགས་ཀྱི་གཞི་རིམ་ས་གནས་སུ་སོང་ནས་རྟོག་ཞིབ་བྱས། ཝང་ཡུས་པོ་དང་ཡང་ཧྥིན་ཁྲོན། པའོ་དབྱི་ཀྲི་བཅས་སོ་སོར་གོང་གི་བྱ་འགུལ་ལ་ཞུགས།