ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་མཚོ་སྔོན་རྒྱལ་སྤྱིའི་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་སོང་སྟེ། སྐབས་བཅོ་བརྒྱད་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་སོགས་ཀྱིས་མཉམ་དུ་ལྟ་སྐོར་བྱས།
བསྟུད་མར་ལོ་བཅུ་བདུན་རིང་ལ་བསྒྲུབས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ཚོང་འགུག་དངུལ་འདྲེན་གྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཕྱི་ཕྱོགས་དང་བརྗེ་རེས་མཉམ་ལས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཁྲིད་སྟོན་གྱི་ནུས་པ་དྲག་པོ་ངོམ་པར་བྱས། ད་ལོའི་འགྲེམ་སྟོན་ཁང་དུ་ཇུས་འགོད་གསར་བ་དང་། ལག་རྩལ་གསར་བ། ཐོན་རྫས་གསར་བ། ཞབས་ཕྱི་གསར་བ། ལས་རིགས་གསར་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ། བཀོད་སྒྲིག་བཟང་བོ་བྱས་པའི་འགྲེམ་སྟོན་ཁང་གི་བརྗོད་བྱ་གཙོ་བོ་མངོན་པར་བྱས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ནས་ཞིང་ཆེན་ཕྱི་ནང་གི་ཐོན་རྫས་གྲགས་ཅན་དང་། མཐོ་སྒང་གནས་སྐོར། རིག་གནས་ལུས་རྩལ། སྐྱེ་ཁམས་ཞིང་ཕྱུགས་ལས་བཅས་བར་དུ་ཁྱད་ཆོས་ཐོན་ལས་ཡར་མཚོ་རྒྱས་པ་བཞིན་དུ་འཕེལ་རྒྱས་བྱུང་བ་ངོམ་ཡོད་པར་མ་ཟད། ཕྱོགས་གང་ཅིའི་ཐད་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྒྱུར་བ་བཞིར་སྐུལ་འདེད་གཏོང་བ། འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནས་བབ་བཟང་བོ་དང་གྲུབ་འབྲས་བཟང་བོ་མཚོན་པར་བྱས་ཡོད།
མཱ་ཕེས་ཧྭ་དང་ཝང་གོ་ཧྲིན། ཝང་ཅན་ཅོན་བཅས་འགྲེམ་སྟོན་ཁང་སོ་སོར་སོང་སྟེ། རང་རང་གི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་ལ་བལྟས་པ་དང་། གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་ཏུ་ཉན་པར་མ་ཟད། ལིས་གློག་ཐོན་ལས་དང་ཁྱད་ཆོས་སྐྱེ་དངོས། རྡོ་སྣུམ་སོལ་རླངས་རྫས་འགྱུར་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དེའི་རྗེས་སུ་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མགོ་ལོག མཚོ་ལྷོ། རྨ་ལྷོ། མཚོ་བྱང་། ཡུས་ཤུལ་བཅས་ས་ཁུལ་གྱི་ཐོན་ལས་འགྲེམ་སྟོན་ཁང་དུ་སོང་ནས། ཁྱད་ཆོས་ཞིང་ཕྱུགས་ལས་དང་མི་རིགས་ལག་ཤེས་བཟོ་ལས། རིག་གནས་གནས་སྐོར། སྐྱེ་དངོས་སྨན་རྫས། དག་གཙང་ནུས་ཁུངས་བཅས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོ་ཚོས་བལྟས་ན། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཁྱད་ཆོས་དང་དཔལ་འབྱོར་གྲུབ་ཚུལ་ལ་འགྱུར་ལྡོག་ཉམས་དགའ་བ་འབྱུང་བཞིན་ཡོད་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཐོག་མར་གསར་གཏོད་བྱས་ཡོད་པར་སྙམ་ཡོད།
ཁོ་ཚོས་ད་རུང་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་གཞན་པའི་དམངས་གཉེར་ཁེ་ལས། མཚོ་སྔོན་གྱི་ཁེ་ལས་གཙོ་བོ་བཅས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པར་མ་ཟད། ཁེ་ལས་དེ་དག་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས། རང་ཉིད་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འབུར་དུ་ཐོན་པར་བྱེད་པ་དང་། བརྗེ་རེས་དང་འགྲོ་འོང་ལ་ཤུགས་སྣོན་པ། མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞོ་དང་མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན། ཡུས་ཚུན་ལི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཀའོ་ཧྭ། ཝང་ལིས་མེན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སོ་སོའི་འཐུས་ཚབ་ཚོགས་པ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན་བཅས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་བྱ་འགུལ་ཁྲོད་ཞུགས།