སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མུའུ་སི་ལེན་སྤུན་ཟླར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
2017.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

2017ལོའི་སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མུའུ་སི་ལེན་སྤུན་ཟླར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

འཕྲིན་ཡིག་ནང་ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཐོག་མར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མུའུ་སི་ལེན་སྤུན་ཟླ་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

འཕྲིན་ཡིག་ནང་བསྟན་དོན། དུས་ཡུན་རིང་བོར། ཞིང་ཆེན་ཡོངས་ཀྱི་མུའུ་སི་ལེན་སྤུན་ཟླ་ཡོངས་ཀྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས། ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་ཇེ་བརྟན་དུ་བཏང་བ་དང་། བཟོད་སྒོམ་སྒོ་འབྱེད་དང་མཐུན་སྒྲིལ་མཛའ་མཐུན། དཀའ་སྤྱད་འབད་བརྩོན། རང་ཉིད་སྟོབས་ལྡན་དུ་བསྒྱུར་བ། ལས་སྐྲུན་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་མཉམ་དུ། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་འཆམ་མཐུན་ཐད་སྐུལ་འདེད་བཏང་ཟེར།

འཕྲིན་ཡིག་ནང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པས། རྒྱ་ཆེའི་མུའུ་སི་ལེན་སྤུན་ཟླ་ཚོས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་པ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་བ་དང་། སྤྲོ་སེམས་ཆེན་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན་ཡོད།