མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བའི་ལྟ་སྦྱོང་ཡར་སྐུལ་གྲོས་ཚོགས་བསྡུས།
2017.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དུ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བའི་ལྟ་སྦྱོང་ཡར་སྐུལ་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་ལས་བསམ་ཚུལ་བརྗེ་རེས་བྱས་པ་དང་བསམ་འཆར་བཏོན་ལ། མཚོ་སྔོན་དང་ཕྱིའི་ས་གནས་ཀྱི་སྔོན་ཐོན་ཉམས་མྱོང་བརྙན་རིས་ལ་བལྟས་པ་དང་། ཡུལ་དངོས་འབྲེལ་ཡོད་ལས་ཁུངས་ཀྱི་ཆ་འཕྲིན་ཅན་སྟེགས་བུ་སྐྲུན་པའི་གནས་ཚུལ་ལ་ལྟ་སྦྱོང་བྱས་ནས། ཁྱོན་ཡོངས་ནས་སྲིད་ཁྲིམས་མ་ལག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བས་བླངས་པའི་གྲུབ་འབྲས་གསར་བ་བཀྲམ་པར་མ་ཟད། དེས་སྲིད་ཁྲིམས་བྱ་བར་བཏོན་པའི་འགྱུར་ལྡོག་གསར་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བ་སྐས་རྐང་གསར་བ་ཞིག་ཏུ་གོང་འཕེལ་དུ་གཏོང་བའི་བྱེད་ནུས་བཅས་ལ་ལྟ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁའེ་ཅུན་གཉིས་ཀྱང་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་ཡུང་གིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

ལིག་ཉིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བར་མཐོང་ཆེན་བླ་མེད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དུ་མར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་རྩ་བ་ནས་མེད་ཅིང་། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་ཞེས་ཡེ་ནས་མེད་པས། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་པའི་འཐབ་ཇུས་བཀོད་སྒྲིག་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གཉིས་དུས་མཉམ་གཅིག་ཏུ་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། རྣམ་བཤད་གལ་ཆེན་འདི་དག་གིས་དུས་རྟག་པར་ང་ཚོ་ལ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ་ལ་རྨང་གཞི་བརྟན་པོ་འདིང་དགོས་པར་སྐུལ་མ་གཏོང་གིན་ཡོད་ཟེར།

ལིག་ཉིན་གྱིས་ནན་གྱིས་བསྟན་དོན། གནས་ཚུལ་སྤྱི་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེང་སྟེ། སྒྱུར་བ་བཞི་ལ་གོ་བ་ཡང་དག་ལེན་པར་འབད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ། ཁ་མིན་དོན་གྱིས་སྲིད་ཁྲིམས་མ་ལག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བའི་ཉེན་ཚབས་རང་བཞིན་དང་འགན་འཁྲི་རང་བཞིན་ཇེ་དྲག་ཏུ་བཏང་ནས། དུས་ཚོད་ཀྱིས་ང་ཚོར་མི་སྒུག་པའི་འདུ་ཤེས་དང་མིག་རྒྱང་རིང་བོ། གནད་ས་དམ་འཛིན། ཚད་གཞི་མཐོན་པོ་བཅས་ཀྱི་ངང་ནས་ལས་དོན་ཡར་ལྡན་དུ་སྤེལ་ནས། སྲིད་ཁྲིམས་མ་ལག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། མ་ལག་ཕྱིའི་ཐོན་ཁུངས་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་སྒྲིག་གང་བཟང་བྱས་མཐར། ཧུར་བརྩོན་ཆེན་པོས་ལེགས་སྒྲིག་མཉམ་སྤྱོད་དང་། བདེ་འཇགས་དང་ཕན་འབྲས་མཐོ་བ། སྟབས་བདེ་གནད་འཁེལ་བཅས་ཀྱི་དམིགས་འབེན་དུ་སླེབས་པར་བྱེད་དགོས་ཟེར།