ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་མཛུབ་སྟོན་བསམ་བློར་བཟུང་ནས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱ་བའི་བསམ་ཕྱོགས་གཙང་མ་བཟོ་བ། བྱ་བའི་ཤུགས་འདོན་ས་མ་ནོར་བའི་སྒོ་ནས་རྙེད་པ། གཞི་གསུམ་འཛུགས་སྐྲུན་བྱ་བ་བར་མ་ཆད་པའི་ངང་ཡར་ལྡན་དུ་སྤེལ་བ་བཅས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དུ་གཏོང་བར་ཁ་མིན་དོན་གྱིས་ཤུགས་བསྣན་ཏེ། ཏང་གི་འཛུགས་སྐྲུན་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་མངོན་གསལ་མཐོར་འདེགས་སུ་བཏང་ནས། ཏང་འཛུགས་བྱ་བའི་དོན་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅཱ་ཚའེ། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན་བཅས་གྲོས་ཚོགས་སྟེང་ཞུགས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་མགོ་ཁྲིད་ཚན་ཆུང་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཉིན་རྒྱུན་གྱི་ཏང་འཛུགས་བྱ་བ་དང་ས་ཁུལ་སོ་སོར་རྟོག་ཞིབ་བྱས་པའི་གྲུབ་འབྲས་གཉིས་ཟུང་དུ་སྦྲེལ་བའི་སྒོ་ནས། ཉམས་མྱོང་དང་གནད་དོན། ལྟ་ཚུལ། རྣམ་འགྱུར་བཅས་ལྷག་ལུས་མེད་པར་བསྟན་ནས། ཏང་གི་བསམ་བློ་དང་རྩ་འཛུགས། སྤྱོད་ལམ། རུལ་སུངས་ལ་ངོ་རྒོལ་བྱས་ནས་སྲིད་གཙང་ཡོང་བར་འབོད་སྐུལ་གཏོང་བ། ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་ཐད་ནས་བསམ་འཆར་རིན་ཐང་ཅན་མང་པོ་བཏོན།
ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་བྱ་བའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། ཏང་འཛུགས་བྱ་བ་ནི་ཏང་གི་སྲིད་འཛིན་རྨང་གཞི་དང་ཐད་ཀར་འབྲེལ་ཞིང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་སྤྱི་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྤྱིའི་ཧྲུའུ་ཅིའི་གོམ་འགྲོས་དང་ཏང་ཀྲུང་དབྱང་གི་གོམ་སྟབས་ལ་བསྟུན་ཅི་ཐུབ་བྱས་ནས། ཏང་འཛུགས་བྱ་བའི་འགན་འཁྲི་ཁ་མིན་དོན་གྱིས་ཕྲག་སྟེང་དུ་ལེན་དགོས་ཤིང་། ཧུར་བརྩོན་ཆེན་པོས་གོམ་པ་གང་རེ་གང་རེ་སྤོས་ནས་ལས་དོན་གཏིང་ཟབ་སར་སྤེལ་དགོས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དྲང་ཕྱོགས་ཀྱི་དཔེ་སྟོན་དམིགས་ཚད་དམ་པོར་བཟུང་ནས། དྲང་དོན་ཚུལ་ལྡན་གྱི་སྤྱོད་པ་གླུ་རུ་ལེན་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་དར་སྤེལ་གཏོང་དགོས། ལྡོག་ཕྱོགས་ཀྱི་དཔེ་མཚོན་སྤྱོད་ངན་དམ་པོར་བཟུང་བ་བརྒྱུད་དེ། ཏང་ཡོན་ལས་བྱེད་པར་གོ་བསྐོན་བློ་འགུགས་ཀྱི་སློབ་གསོ་སྤྲད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱི་སྒྲིག་ཁྲིམས་དམ་སྲུང་བྱེད་དགོས། གནད་ས་གཙོ་བོ་དམ་པོར་བཟུང་ནས། སྲོལ་རྒྱུན་དུས་ཆེན་གྱི་སྐབས་སུ་སྲིད་གཙང་ཡོང་བར་དྲན་གསོས་ཏེ། ཏང་ཡོན་ལས་བྱེད་པས་རང་གིས་རང་ལ་གཅུན་སྡོམ་བྱེད་དགོས། ཚོགས་འདུ་གལ་ཆེན་དང་བྱ་འགུལ་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ནས། ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དུ་གཏོང་བར་ཤུགས་བསྣན་མཐར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་རྩ་བ་ཚུགས་ནས་རྩེ་མོ་རྣམ་པར་རྒྱས་རག་བར་དུ་སྤེལ་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྒྱུན་མཐུད་རང་བཞིན་གྱི་སྒོ་ནས་གཞི་གསུམ་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས། གཞི་རིམ་རྨང་གཞི་འཛུགས་སྐྲུན་གྱི་གནད་དོན་འབུར་ཐོན་དང་ལས་རིམ་གཉོམ་ཞན་ཅན་ལ་ཁ་གཏད་དེ། བསམ་ཕྱོགས་གསར་གཏོད་ཀྱི་ཐབས་ཇུས་འཐེན་དགོས། ཧུར་བརྩོན་དང་རང་རྟོགས་སྒོས་འཚོལ་དཔྱོད་བྱས་ནས་རྩ་འཛུགས་སྐྲུན་སྟོབས་ལྡན་ཅན་དུ་བསྒྱུར་དགོས། རྨང་གཞིའི་ནུས་པ་བར་མ་ཆད་པའི་ངང་ཡར་བསྟད་དེ། བདེན་གཉེར་དང་ཞིབ་ཕྲ་འཛིན་པའི་རྨང་གཞིའི་བྱ་བ་བཟང་བོར་གཉེར་དགོས། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིབ་དང་སྐོར་རྟོག་གཉིས་ཀྱི་ལས་སྒོ་གཉིས་བཟང་བོར་བསྒྲུབ་ནས། གསོན་ཤུགས་རྒྱུན་མཐུད་ཉམས་མེད་ཅིག་གྲུབ་པར་འབད་དགོས། དཔྱད་ཞིབ་དཔྱད་འཇོག་བྱེད་ཐབས་བསྒྱུར་ནས། མི་བཀོལ་སྟངས་དང་མི་བསལ་བའི་ཁ་ཕྱོགས་ཡང་དག་པ་ཞིག་འཛུགས་དགོས། ཏང་ཡོན་ལས་བྱེད་པའི་བསྲན་ཚུགས་དགོས་ཤིང་། ན་གཞོན་བློ་མཐུན་རྣམས་དཀའ་ངལ་ཆེ་བའི་ས་ཁུལ་དང་གཞི་རིམ་དུ་སོང་ནས་སྦྱོང་བརྡར་བྱས་ཏེ། སྔོན་སྐྱོད་ཀྱི་བྱེད་ནུས་འབུར་ཐོན་ཡོང་བར་བྱེད་དགོས། ལས་བྱེད་པར་རྒྱུན་རྣམ་ཅན་གྱི་བསམ་ཚུལ་བརྗེ་རེས་ལམ་ལུགས་ལག་བསྟར་བྱས་ཏེ། གསོན་ཤུགས་དང་སྒྲིག་གཞི་ལེགས་པོ་ཀུན་ནས་མངོན་པར་བྱེད་དགོས་ཞེས་བསྟན།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་པ་གསར་བ་དང་བྱེད་ཐབས་གསར་གཏོད་བྱས་ཏེ། སྔོན་ཐོན་དཔེ་སྟོན་སྔོག་འདོན་བྱེད་དགོས། དམངས་ཕལ་བས་ཚེགས་མེད་གོ་ཐུབ་པའི་སྐད་ཆ་སྤྱད་དེ་སྒྲོག་འགྲེལ་བྱེད་དགོས་ཤིང་། ཏང་གི་དམངས་ཕན་སྲིད་ཇུས་མི་སེམས་སུ་ཟུག་པར་ལག་བསྟར་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་ཡོངས་ཀྱིས་ཏང་གི་སྐད་སྒྲར་ཉན་པ་དང་ཏང་དང་འགྲོགས་པར་སྣེ་སྟོན་བྱས་ནས། སྟོབས་ཤུགས་བསྡུ་ལེན་བྱེད་དགོས། གཞི་རིམ་ཏང་ཡོན་ལས་བྱེད་པས་ཚན་རིག་གི་སློབ་སྦྱོང་དང་བྱ་བའི་བྱེད་ཐབས་ལ་རྒྱུས་མངའ་ཡོད་པར་བྱས་ཏེ། འཕེལ་རྒྱས་ཡར་ལྡན་དུ་སྤེལ་བ་དང་མང་ཚོགས་ལ་ཞབས་འདེགས་བྱེད་པ། མི་སེམས་གོང་བུ་གཅིག་གྱུར་བྱེད་པ། དབུལ་ཐར་མཁྲེགས་གཏོར་བྱེད་པ། འཆམ་མཐུན་ལ་སྐུལ་མ་གཏོང་བ་སོགས་ཀྱི་ཕྱོགས་ནས་ནུས་པ་བླ་ལྷག་བཏོན་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་འབད་འཐབ་གང་ལེགས་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ད་དུང་གཞི་རིམ་ཏང་འཛུགས་བྱ་བའི་བྱེད་ཕྱོགས་ཞིབ་ཕྲ་འགའ་ལ་ཞིབ་འཇུག་བྱས།