ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་མའི་འཐུས་ཚབ་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས།
2017.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་ཏང་གི་སློབ་གྲྭར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་དམིགས་ནས། སློབ་མའི་འཐུས་ཚབ་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས། ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགུལ་སྐྱོད་དུ་བསྒྱུར་རྒྱུ་ནི་ཏང་གི་སྐྱེས་སྐར་ལ་ཕུལ་བའི་ལེགས་སྐྱེས་ཆེས་བཟང་པོ་དང་གོ་རིམ་རྗེས་མའི་དམིགས་འབེན་གལ་ཆེན་ཡིན་ཟེར།

ཞིང་ཆེན་ཏང་གི་སློབ་གྲྭའི་གྲོས་ཚོགས་ཁང་དུ། ཝང་གོ་ཧྲིན་གྱིས་སློབ་མ་ཚོ་དང་སློབ་སྦྱོང་གི་མྱོར་ཚོར་ཐད་ནས་བརྗེ་རེས་གླེང་མོལ་བྱས། ཀྲུའུ་ཞང་ཧྥིན་དང་ཐའོ་ཆི་ཡེ། ཅང་ཧེ་མེ། ཁྲིན་ཧོང་ལེན། ཁྲིན་ཝེ། ཁྲིན་རོང་། ལིས་ཞཱ། ཅའོ་ཡུས་ལེན། ཧྲི་རོས་མེན། ཞེའོ་ཅན་ཧྭ། ལའོ་པོ་ཝེ། ཝང་ཞང་གའོ། ཝང་ཧྲན་ཆོན། ཝང་ཅན་ཧྥིན། ཏོན་ཧྥ་ཏཱ། ཏུང་ཅིན་ལེན། ཀྲུའུ་ལེན་སོགས་ཀྱིས་རང་སྟེང་གི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་ཆེས་གསར་བ་ཡིན་ལ། ང་ཚོའི་བྱ་བ་ཡོངས་རྫོགས་བཟང་བོར་བསྒྲུབ་པའི་འགུལ་སྐྱོད་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གྲུབ་འབྲས་སུ་བསྒྱུར་བའི་སྟེང་ཤུགས་འདོན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཅངས་པ། གནས་ཚུལ་དངོས་དང་འབྲེལ་འདྲིས་བྱེད་པ་དང་གཙོ་གནད་དམ་འཛིན་བྱེད་པ། སློབ་སྦྱོང་དང་ལག་བསྟར་ཐད་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། ཁ་གཏད་རང་བཞིན་སྔར་ལས་མཐོར་འདེགས་བྱས་ཏེ། བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བ་རསྐུལ་འདེད་གཏོང་ཐུབ་པར་བྱེད་དགོས། མིག་རྒྱ་ཇེ་ཆེར་གཏོང་བ་དང་ཆད་ལྷག་འཚོལ་བ། ཞན་ཆ་ཁ་གསབ་བྱེད་པ། ནུས་པ་མཐོར་འདེགས་བྱས་ནས། གཞུང་ལུགས་ཀྱི་ཆུ་ཚད་དང་ལས་གནས་དང་འགན་འཁྲི་ཕན་ཚུན་བར་དོ་མཉམ་པར་བྱེད་པ་དང་། ཧུར་ཐག་གིས་སློབ་སྦྱོང་གི་གྲུབ་འབྲས་ལ་བརྟེན་ནས་བྱ་བ་བསྒྲུབ་དགོས་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པའི་ཐད་ཤུགས་བསྣན་ནས། ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་སེམས་སུ་དམ་པོར་འཛིན་དགོས། གཞི་རིམ་དུ། ཏང་གི་སྒྲིག་ཡིག་དེ་ཁྱེར་བདེ་བའི་ལག་དེབ་ཏུ་སྒྲིག་བཟོ་བྱས་ནས་གཞི་རིམ་གྱི་ཏང་ཡོན་གྱི་ལག་ཏུ་བཀྲམ་སྟེ། ཏན་ཏན་ཏིག་ཏིག་གིས་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་དགོས། གཞི་རིམ་གྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། རིགས་བགར་ནས་མཛུབ་སྟོན་བྱེད་པ། དྲིལ་སྒྲོག་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཏང་དང་མང་ཚོགས་བར་གྱི་བར་ཐག་ཇེ་ཉེ་རུ་གཏོང་བ་དང་། མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཏང་གི་ཤན་ཤུགས་དང་འབོད་སྐུལ་ནུས་པ་ཇེ་ཆེར་གཏོང་དགོས། སློབ་སྦྱོང་གི་གནས་ཚུལ་དེ་མགོ་ཁྲིད་ལས་བྱེད་པའི་བྱ་བ་ཡར་ཞུ་བྱེད་པའི་ནང་དོན་གཙོ་བོར་བརྩི་བ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་བ། ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ཏེ། མང་ཚོགས་ཀྱི་འགྱུར་ལྡོག་མཐོང་ཐུབ་པར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བ་བཟང་བོར་བསྒྲུབ་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཉམས་མྱོང་སྤྱི་བསྡོམས་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ། ལམ་བུ་རྒྱ་བསྐྱེད་དེ། ད་ལོའི་བྱ་བའི་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ལེན་པ་དང་། མང་ཚོགས་ཁྲོད་སྣང་བརྙན་སྔར་ལས་བཟང་བོ་བསྐྲུན་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།