ཝང་ཡུས་པོ་ཡིས་སློབ་གསོ་ཐིན་གྱི་བྱ་བར་རྟོག་ཞིབ་བྱས།
2017.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཞིང་ཆེན་སློབ་གསོ་ཐིན་དུ་སོང་ནས་སློབ་གསོ་མ་ལག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་བསམ་བློ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་གཞན་ལ་དཔེ་སྟོན་བྱེད་པའི་རྩ་བའི་ལས་འགན་དང་། རྒྱུ་སྤུས་མཐོར་འདེགས་བྱེད་པའི་རྩ་བའི་འཚོལ་སྙེག སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས། བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་རྩ་བའི་སྒུལ་ཤུགས། མི་དམངས་ཡིད་ཚིམ་པར་བྱེད་པའི་རྩ་བའི་ཚད་གཞི། ཏང་གི་མགོ་ཁྲིད་ཀྱི་རྩ་བའི་འགན་སྲུང་བཅས་རྒྱུན་འཁྱོངས་བྱས་ནས། ཆོད་སེམས་བརྟན་པོས་སློབ་གསོར་བཅོས་བསྒྱུར་བྱེད་པ་དང་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝང་ཡུས་པོ་སློབ་གསོ་ཐིན་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་། ཐད་གཏོགས་སྡེ་ཁག་སྐོར་ཞིག་ཏུ་སོང་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སློབ་གསོ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས། ཁོས་བསྟན་དོན། སློབ་གསོ་བསྒྲུབ་ན་ཆེས་གལ་ཆེ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོ་སྐོར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སློབ་གསོའི་བསམ་བློར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ཐད་མཛུབ་སྟོན་བྱེད་རྒྱུ་དེ་རེད། ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱི་སློབ་གསོ་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། ཏང་གི་སློབ་གསོ་བྱེད་ཕྱོགས་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སློབ་གསོ་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྣ་ཚོགས་དངོས་འབེབས་བྱེད་དགོས། སློབ་གསོའི་ཆོས་ཉིད་ལྟར་སློབ་གསོ་བསྒྲུབ་པ་དང་། གནས་བབ་དང་བསྟུན་པ་དང་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་དགོས། འབུར་ཐོན་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་གསར་གཏོད་བྱེད་པའི་བསམ་ཕྱོགས་ལྟར། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། སློབ་གསོ་ལ་དགའ་བ་དང་སློབ་མར་དགའ་བ། དགེ་རྒན་ལ་དགའ་བའི་བསམ་བློར་བརྟེན་ནས་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་སློབ་གསོའི་སྟོབས་ཤུགས་འབུལ་དགོས་ཟེར།