ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2017.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བདུན་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། མཚོ་སྔོན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པར་མ་ཟད། བློ་མཐུན་ཀྲང་ཞའོ་ཆིན་ལགས་ལ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏན་ཡོན་ཞེས་པའི་མཚན་སྙན་བསྩལ་བ་ཐག་བཅད།

གྲོས་ཚོགས་ལས་རྒྱལ་ཡོངས་ཏང་ཕྱིའི་ཤེས་ལྡན་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་ལྡན་པའི་བྱ་བར་གསུངས་བཤད་གལ་ཆེན་རབས་དང་རིམ་པ་སྤེལ་ཏེ། མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་ཤེས་ལྡན་པའི་བྱ་བའི་བྱེད་ཕྱོགས་སྲིད་ཇུས་སྣ་འཛོམས་ཅན་གསལ་འགྲེལ་བྱས་པ་དང་ཏང་གི་ཤེས་ལྡན་པའི་བྱ་བའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་ནས། གནས་བབ་གསར་བའི་འོག་གི་ཏང་ཕྱིའི་ཤེས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས། བཞུགས་མོལ་ཚོགས་འདུ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། གནས་བབ་གསར་བའི་འོག་གི་ཏང་ཕྱིའི་ཤེས་ལྡན་པའི་བྱ་བ་ཡར་ལྡན་དུ་སྤེལ་བའི་ཐད་བླང་བྱ་གསལ་བོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། རྒྱལ་ཡོངས་ཏང་ཕྱིའི་ཤེས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱེད་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། ལག་ལེན་དང་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ། ལམ་ཕྱོགས་དང་བྱེད་ཕྱོགས་ལ་འཚོལ་དཔྱོད་བྱེད་པ། བྱ་བའི་བར་སྟོང་གི་ཁྱབ་རྒྱ་ཆེར་བསྐྱེད་པ་བཅས་ལ་འབད་མཐར། ཁྱོན་ཡོངས་ནས་མཚོ་སྔོན་གྱི་ཏང་ཕྱིའི་ཤེས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆུ་ཚད་མངོན་གསལ་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་གཉིས་ཟུང་སྦྲེལ་བྱས་ཏེ། ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་མཐུན་མཉམ་འབྲེལ་འཛུགས་པར་ཤུགས་བསྣན་ནས། ཏང་ཕྱིའི་ཤེས་ལྡན་པའི་གསོ་སྐྱོང་བྱ་བ་ཇེ་དྲག་ཏུ་གཏོང་དགོས། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་འཛུགས་སྐྲུན་བྱ་བར་སྟ་གོན་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཕྱིའི་ཤེས་ལྡན་པའི་རིག་མཛོད་མིང་ཐོ་འཛུགས་པའི་བྱ་བ་དམ་པོར་འཛིན་དགོས། ཧུར་བརྩོན་ཆེན་པོས་དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤེལ་ནས། ཕྱི་འགྲིམ་མི་སྣའི་རྩ་འཛུགས་བྱ་བ་དང་འབྲེལ་བའི་སྲིད་ཇུས་བླང་བྱ་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནས་བབ་གསར་བའི་འོག་གི་ཏང་ཕྱིའི་ཤེས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་དགོས་ཤིང་། ཏང་ཕྱིའི་ཤེས་ལྡན་པ་རྣམས་ཏང་གི་དར་ཆའི་འོག་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པར་ཕན་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཕན་པའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཉམས་མྱོང་བརྗེ་རེས་ཡུལ་དངོས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཉམས་མྱོང་བརྗེ་རེས་ཡུལ་དངོས་གྲོས་ཚོགས་ཀྱིས། གནས་བབ་གསར་བའི་འོག་གི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་བྱ་བར་བཀོད་སྒྲིག་གསར་བ་འཐེན་པ་དང་། ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་གསར་འཛུགས་བྱ་བ་རྒྱུན་མཐུད་ཡར་ལྡན་དུ་སྤེལ་བ་དང་། གསར་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་མཐར། གསར་འཛུགས་བྱ་བར་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་གིས་ངེས་པར་དུ་བསམ་བློ་དང་སྦྱོར་བ་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་འབད་དེ། མགྱོགས་མྱུར་ངང་བྱ་བར་བཀོད་སྒྲིག་བྱེད་དགོས་ཤིང་། གནད་དོན་འབུར་ཐོན་ཐག་གཅོད་བྱས་ནས་བདེན་གཉེར་དོ་དམ་བྱེད་ཕྱོགས་འདོན་སྤྲོད་བྱས་མཐར། མཚོ་སྔོན་འདི་ཉིད་མི་གྲངས་ཉུང་བའི་ཞིང་ཆེན་ཞིག་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་སུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཉམས་མྱོང་བརྗེ་རེས་ཡུལ་དངོས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ལ་གནད་གསུམ་ཅིས་ཀྱང་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་གང་ལེགས་བྱེད་དགོས། གཉིས་ནས་ཀྲུང་དབྱང་གི་ཇུས་གཞི་དང་བཀོད་སྒྲིག་དམ་པོར་བཟུང་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། གསུམ་ནས་མིག་སྔའི་ལས་དོན་གཙོ་བོ་དམ་པོར་འཛིན་རྒྱུ་བཅས་ཡིན་ཞེས་བསྟན།
གྲོས་ཚོགས་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལ་གྲོས་མོལ་བྱས།