ཁྲིན་པའོ་ཧྲིན་གྱིས་མཚོ་སྔོན་གྱི་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་འཕེལ་རྒྱས་དང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2017.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བདུན་པའི་ཚེས་བདུན་ཉིན། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཁྲིན་པའོ་ཧྲིན་མཚོ་སྔོན་དུ་ཡོང་ནས། མཚོ་སྔོན་གྱི་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་འཕེལ་རྒྱས་དང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་མཚོ་སྔོན་གྱི་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁྲིན་པའོ་ཧྲིན་ཚོགས་འདུའི་སྟེང་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཁྲིན་པའོ་ཧྲིན་གྱིས་ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་གྱིས་སློབ་གསོའི་ཐད་བླངས་པའི་གྲུབ་འགྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། སློབ་གསོའི་བྱ་བ་ནི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ལ་སྲུང་སྐྱོབ་བྱེད་པའི་ཆེས་གཞི་རྩ་དང་ཆེས་གལ་ཆེན་གྱི་བྱེད་ཐབས་འགྱུར་མེད་ཅིག་ལ་ཁ་མིན་དོན་གྱིས་བརྩིས་ནས། མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་ལས་དོན་ནི་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་བཟུང་ནས་ལག་ལེན་བྱས་མཐར། འཕེལ་རྒྱས་ཞན་པའི་ས་ཁུལ་ཞིག་ནས་དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུ་ཐོག་མ་ངང་གིས་གྲུབ་ཡོད་ཟེར།

ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་སློབ་གསོ་པུའུ་ཀྲང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ལྷག་བསམ་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་བསམ་བློ་སྣེ་སྟོན་དུ་བཟུང་ནས། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཤིང་། ཐོག་མཐའ་བར་གསུམ་ཀུན་ཏུ་སློབ་གསོ་བྱ་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་གནས་འགངས་ཆེན་དུ་བཞག་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་མ་ཟད། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་བསྣན་པ་བརྒྱུད། སློབ་གསོ་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་ཧུར་ཐག་འབད་འཐབ་བྱས། ང་ཚོས་པུའུ་ཀྲང་ཁྲིན་པའོ་ཧྲིན་དངོས་སུ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་གྱི་སློབ་གསོ་ལས་དོན་ལ་རྟོག་ཞིབ་བྱས་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པ། དེང་རབས་སློབ་གསོའི་མ་ལག་འཛུགས་སྒྲུབ་བྱེད་པ། རིགས་སོ་སོའི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པ་བཅས་ལ་འབད་དེ། མི་དམངས་མང་ཚོགས་ཀྱི་སྤྱི་བའི་སློབ་གསོ་དང་འབྲེལ་བའི་རྨང་གཞིའི་དགོས་མཁོ་བར་མ་ཆད་པའི་ངང་བསྐངས་ནས། སྔར་ལས་ལྷག་པའི་སྒོ་ནས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་གྱིས་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་བྱས་པ་དང་། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཉིས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ།

རྟོག་ཞིབ་བྱེད་པའི་སྐབས་སུ། ཁྲིན་པའོ་ཧྲིན་སྔ་གཞུག་ཏུ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། ཞིང་ཆེན་འགྲིམ་འགྲུལ་ལག་རིགས་ལག་རྩལ་སློབ་གླིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཞིན་ཀྲི་སློབ་ཆུང་བཅས་སུ་སོང་ནས། དགེ་སློབ་ཀྱི་འཐུས་མི་དང་ལྷན་དུ་གླེང་མོལ་བྱས་ཤིང་། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གསོ་སློབ་སྒྲུབ་བཅོས་སྒྱུར། མི་རིགས་སློབ་གསོ། འཇོན་ཐང་མི་སྣ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།