རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་དེ་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།
2017.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སྲོལ་ཡིག་འདི་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འདིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟའི་དོ་དམ་དང་སྲུང་སྐྱོབ་བྱ་བ་སོ་སོར་ད་ནས་བཟུང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་མཚོན་པར་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས2ཉིན། སྲོལ་ཡིག་འདི་ལ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བའི་སྟེང་ཆོག་མཆན་ཐོབ་པ་མ་ཟད་ཁྱབ་བསྒྲགས་བྱས་པ་དང་། ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། སྲོལ་ཡིག་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་། ལྷག་པར་དུ་གསུམ་པའི་ཚེས་བཅུ་ཉིན་གྱི་གཏམ་བཤད་དང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་མཛུབ་སྟོན་དུ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དངོས་སུ་དཔར་ནས་བཀྲམ་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི་གཞི་འཛིན་སར་བརྩིས་ཏེ། སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་དངོས་འབེབས་དང་མིག་སྔའི་གནས་ཚུལ་ལ་གཞི་ཚུགས་པ་དང་མིག་རྒྱང་རིང་བ། གཅིག་གྱུར་འཆར་འགོད། རྙིང་གཏོར་གསར་འཛུགས། སྟབས་བདེ་ཅན་ལས་རྙོག་འཛིང་ཅན་འདོར་བའི་གཞི་རྩ་ལྟར་ཉེ་བའི་ལོ་འགའི་རིང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་མྱོང་སྤྱི་སྡོམ་བྱས་ཡོད་པ་སྟེ། རྐྱེན་སྲོལ་བཅོས་སྒྱུར་གྱི་རེ་བ་དང་རི་ཆུ་ནགས་གསུམ་དང་རྩྭ་ཐང་། མཚེའུ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་དོ་དམ་རེ་བ་མཚོན་པར་བྱས་ནས་ནུས་ཡོད་སྒོས་ལྟ་སྐུལ་ཁྲིམས་སྐྱོང་ཐར་ཐོར་ཅན་གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས། སྲོལ་ཡིག་ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་དོན་བདུན་ཡོད་ལ། སྤྱིའི་རྩ་དོན་དང་དོ་དམ་སྒྲིག་སྲོལ། འཆར་འགོད་འཛུགས་སྐྲུན། ཐོན་ཁུངས་སྲུང་སྐྱོབ། དོ་དམ་བེད་སྤྱོད། སྤྱི་ཚོགས་མཉམ་ཞུགས། ཁྲིམས་ལུགས་འགན་ཁུར་སོགས་ལས་གྲུབ་པ་དང་། ནང་དོན་ལ་ཁྲིམས་འཛིགས་དམིགས་ཡུལ་དང་གཞི་འཛིན་ས། བཀོལ་སྤྱོད་ཁྱབ་ཁོངས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མངའ་དབང་དང་བྱེད་ལས་བགོ་བ། དོ་དམ་མ་ལག་དང་ལས་ཁུངས་འཛུགས་པ། ལས་ཁུངས་ཀྱི་འགན་འཁྲི། སྐྱེ་ཁམས་སྤྱི་ཕན་ལས་གནས། འཆར་གཞི་བཟོ་འགོད་དང་དབྱེ་བགོས། འཆར་གཞི་ལེགས་སྒྲིག་གོ་རིམ། བྱེད་ལས་ཁུལ་དབྱེ་བགོས། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན། སྲུང་སྐྱོབ་འདུ་ཤེས་དང་ཐོན་ཁོངས་ཀྱི་རྩ་བའི་གནས་སྟངས་ལ་བརྟག་དཔྱད། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་དང་སྐྱེ་ཁམས་ཁ་གསབ་སོགས་འདུ།

སྲོལ་ཡིག་ལས་གཙོ་བོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ། སྤྱི་གླིང་འཛུགས་སྐྲུན། དོ་དམ་བེད་སྤྱོད། སྤྱི་ཚོགས་མཉམ་ཞུགས། ཁྲིམས་ལུགས་འགན་ཁུར་སོགས་ནང་དོན་ཐད་ནས་གཏན་འཁེལ་དང་རེ་བ་གསལ་བོ་བཏོན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་གཞི་འཛུགས་སྐྲུན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། སྲོལ་ཡིག་ལས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཉེན་བརྡའི་མཚོན་རྟགས་འཛུགས་སྐྲུན། འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན། འཛུགས་སྐྲུན་ལས་གཞིའི་དོ་དམ། ཚད་ལྡན་མ་ལག་འཛུགས་སྐྲུན། རྣམ་དཔྱོད་སྤྱི་གླིང་འཛུགས་སྐྲུན་སོགས་ཕྱོགས་ནས་དེར་བསྟུན་གྱི་གཏན་འབེབས་བཟོས་ཡོད་པ་མ་ཟད། དོ་དམ་སྒྲིག་སྲོལ་བཙུགས་ཏེ་སྒྲིག་སྲོལ་དང་རྐྱེན་སྲོལ་སྟེང་ནས་ལྟ་སྐུལ་ཁྲིམས་སྐྱོང་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས།