ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ལྗང་སྒྱུར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ། ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་བཅས་གཟབ་རྒྱས་བསྡུས།
2017.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ལྗང་སྒྱུར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ། ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་བཅས་གཟབ་རྒྱས་ངང་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་ཡིས་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་པུའུ་ཀྲང་གཞོན་པ་ཧུང་རོན་ཆིག་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་ཐེངས་འདིའི་མཛད་སྒོར་ཞུགས།

ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ལྗང་སྒྱུར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ། ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་བཅས་གཟབ་རྒྱས་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ངེས་ཅན་ཕྱིན་རྗེས་ཅིས་ཀྱང་འཕྲད་དགོས་པའི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ལྗང་སྒྱུར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་ནི་དངོས་ཡོད་ཀྱི་གནད་དོན་ཆེན་མོ་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་སྒྱུར་འཕེལ་རྒྱས་གཉིས་གཞི་གཅིག་ཏུ་སྦྲེལ་ནས་འཛིན་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། ཧུར་བརྩོན་ཆེན་པོས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཏོན་པའི་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ཡར་ལྡན་དུ་སྤེལ་བ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་སྦྱོར་བ་དང་གསར་གཏོད་བྱེད་ཐབས་ཀྱང་ཡིན། ལྗང་སྒྱུར་འཕེལ་རྒྱས་ནི་རྒྱུན་མཐུད་འཕེལ་རྒྱས་ཡིན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ནི་མདོར་དེད་ན་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། ལྗང་སྒྱུར་འཕེལ་རྒྱས་ཀྱིས་གྲོང་ཁྱེར་སྔར་ལས་ཇེ་ཡག་ཏུ་གཏོང་བ་དང་། གྲོང་ཁྱེར་གྱི་མཛེས་སྡུག་དེའང་ཅིས་ཀྱང་སྐྱེ་ཁམས་བཟང་བོ་དང་ཐོན་སྐྱེད་ལེགས་པོ། འཚོ་བ་བཟང་བོ་བཅས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ཐོབ་པ་ཡིན། སྐྱེ་ཁམས་བཟང་ན་གཞི་ནས་འཕེལ་རྒྱས་ལེགས་པ་དང་། ཐོན་སྐྱེད་ལེགས་ན་ད་གཟོད་འཚོ་གནས་བཟང་། འཚོ་བ་བཟང་ན་གཞི་ནས་སྐྱེ་འཕེལ་ལེགས་པ་ཡིན། དེ་བས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཐོན་སྐྱེད་སྐྱོབ་པ་དང་འཚོ་བར་མཐོང་ཆེན་བྱེད་པ་རང་ཡིན་ཟེར།

ཧུང་རོན་ཆིག་གིས་ཤིས་ཚིག་ཁྲོད། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པ་དེ་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཡར་ལྡན་དུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཆན་བཀོད་མཛུབ་སྟོན་ཐེངས་དུ་མར་གནང་སྟེ། དེ་འབྲེལ་གྱི་གཞུང་ལུགས་དང་བསམ་བློ། ཐབས་ཇུས་བཅས་གསར་བ་བཏོན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གལ་ཆེན་རང་བཞིན་ངོས་ཟིན་པ་ནས་ལག་ལེན་ལ་བསྟར་བའི་བར་དུ་ལོ་རྒྱུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་འགྱུར་བ་ཆེན་པོ་བྱུང་། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་སྲོག་ཤིང་ཏུ་བཟུང་མཐར། དེ་བསྟུན་གྱི་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར།

ད་དུང་མགོ་རྩོམ་མཛད་སྒོར་ཞུགས་པའི་མཚོ་སྔོན་གྱི་མགོ་ཁྲིད་ལ་ཝང་ཞའོ་དང་སུའུ་ཉིན། ཐེན་ཅིན་ཁྲིན་བཅས་ཡོད།

མགོ་རྩོམ་མཛད་སྒོ་བསྡུས་རྗེས། མཱ་ཕེ་ཧྭ་ཡིས་རིན་ཆེན་རྒྱལ་དང་ཝང་ཞའོ། སུའུ་ཉིན་བཅས་ཀྱི་འགྲོ་རོགས་འོག་ནས་འགྲེམ་སྟོན་ཁང་ལ་བལྟས།