རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད།
2017.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་གྲོས་མཐུན་བཀོད་ཅིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐུར་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

པ་ཐུར་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཅུང་སྔོན་གྲས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་དམིགས་ཡུལ་བཏོན་པ་དང་། མིག་སྔར་ཡང་མི་གྲངས་ཀྱི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་རུ་བསྒྱུར་བའི་འཐབ་ཇུས་བཀོད་སྒྲིག་འཐེན་པས། དེས་གསར་སྐྲུན་བྱ་བ་སྔར་ལས་ཆེར་བསྐྱེད་དང་ཁྱབ་ཁོངས་སྔར་ལས་ཆེ་རྒྱས། ལས་སྒོའི་རིམ་པ་སྔར་ལས་གཏིང་ཟབ་ཏུ་སྤེལ་ངེས་པར་ཐེ་ཚོམ་མེད། དེ་རིང་ང་ཚོས་འདི་ནས་ལྷན་དུ་མཉམ་ལས་གྲོས་མཐུན་སྟེང་བཀོད་པ་ནི། བྱ་བར་སྤྱི་སྡོམ་དང་འཆར་འགོད་འཐེན་པར་མ་ཟད། ལས་དོན་ཡར་རྒྱས་གཏོང་བར་སྐུལ་སློང་བྱས་པ་ཡང་རེད། རེ་བ་ཡིན་ན་མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་འདི་སྤྱད་དེ། ཏན་ཏན་ཏིག་ཏིག་གི་བྱ་བའི་བྱེད་ཕྱོགས་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཤིག་ཚིག་འབུལ་སྐབས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད་པའི་ལས་དོན་འདི་ནི་རྟེན་འབྲེལ་ཞུ་འོས་པ་དང་རྗེས་དྲན་ཞུ་རིན་ཡོད་པའི་ལས་དོན་ཆེན་པོ་ཞིག་རེད། མཚོ་སྔོན་ནི་མི་རིགས་སྣ་མང་འདུ་བའི་ཞིང་ཆེན་ཞིག་ཡིན་པ་དང་། མི་རིགས་ལས་དོན་བཟང་བོར་བསྒྲུབ་རྒྱུ་ནི་མཚོ་སྔོན་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ན་ནིང་གི་ཟླ་གསུམ་པའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། གསར་འཛུགས་བྱ་འགུལ་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་ཡར་སྐུལ་བྱེད་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ན་ནིང་གི་ཟླ་བརྒྱད་པའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན། ད་ལོའི་ཟླ་ལྔ་བའི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་ནི་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་རྒྱུ་དེ་ཡིན་ཞིང་། ཚོགས་འདུའི་སྟེང་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་བཏོན་པ་ནི། མཚོ་སྔོན་གྱི་གནས་བབ་དང་ཁྱད་ཆོས་ལ་ཚན་རིག་གི་ལམ་ནས་ངོས་འཛིན་བྱས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་རིན་ཐང་ལྟ་བར་བསྐྱར་ཞིབ་བྱས་པ་རེད། ཁྱད་པར་དུ་མཚོ་སྔོན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་བསྒྱུར་བར་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་རེད། བྱེད་ཕྱོགས་དེས་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ཞིང་དུས་རབས་ཀྱི་འཕེལ་འགྲོས་དང་འཚམ་པ། མི་དམངས་ཀྱི་རེ་འདོད་མཚོན་པས་ན། ཚད་མཐོ་ས་ཞིག་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་སྐུལ་ལྕག་བཏང་ཡོད་ཟེར།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཀའེ་ཧུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་གཉིས་ཀྱིས་མཉམ་དུ་གྲོས་མཐུན་སྟེང་མིང་བཀོད། ཀྲུང་དབྱང་སྒྲིག་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཁག་གི་ཚན་གཙོ་ཀྲིག་ཞའོ་དབྱིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་ཐེངས་འདིའི་བྱེད་སྒོར་ཞུགས།