མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་དྲུག་པ་འགོ་བརྩམས།
2017.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། མཚོ་སྔོན་ཞིང་སྡེ་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་དྲུག་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་གཟབ་རྒྱས་ངང་འགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་བཅུ་བདུན་གྱི་ལྕགས་རྟ་རྒྱུག་འགྲན་རུ་ཁག་ཉེར་གཉིས་མཐོ་སྒང་དུ་མཉམ་འཛོམས་བྱུང་བ་དང་། གཟའ་འཁོར་གཉིས་ཀྱི་རིང་ལ་འགྲན་སྡུར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་། རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་མནའ་འབྲེལ་གྱི་འཐུས་མི། ལག་རྩལ་བློ་འདོན་པ་ཧྲི་ཐེ་ཧྥུའུ་ཕིས་ཐི་སིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལྕགས་རྟ་གྲི་རྩལ་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཅང་གོ་ཧྥིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཝུའུ་པའོ་ཨན་སོགས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཅན་ཅུན་དང་རིན་ཆེན་རྒྱལ། ལིག་ཉིན། ཝང་ཞའོ། ཝང་ཡུས་པོ།ཡུས་ཚུང་ལི། མཱ་ཅི་ཞའོ། མུའུ་ཏུང་ཧྲིན། ཧན་ཅན་ཧྭ། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཡའོ་ཨེ་ཞིན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཀྲིན་ཡ་བཅས་འགྲན་སྡུར་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཝང་ཅན་ཅུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ད་ཡང་ལོ་རེ་ལ་ཐེངས་རེར་སྤེལ་བཞིན་པའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་སྐབས་ལ་ཐོན་པ་དང་། ཉིན་བཅུ་བཞིའི་འགྲན་སྡུར་དེ་མཚོ་སྔོན་གྱི་མཚོ་ཤར་ནས་འགོ་བརྩམས་པ་རེད། ད་ལོའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱིས་སྔར་སྲོལ་རྒྱུན་འཛིང་དང་མ་འོངས་གསར་གཏོད་ཀྱིས་ལུས་རྩལ་དང་ཡུལ་སྐོར། སྐྱེ་ཁམས། རིག་གནས་བཅས་མཉམ་འདྲེས་ཡོང་བར་བྱས་ཏེ། མི་རྣམས་ལ་འགྲན་སྡུར་གྱི་ལྟད་མོ་ཉམས་སུ་མྱོང་དུ་འཇུག་པ་དང་མཉམ་དུ། རང་བྱུང་ཁམས་དང་ལྗང་མདོག མཛེས་ལྗོངས་བཅས་ཉམས་སུ་མྱོང་དུ་བཅུག་ནས། ལུས་རྩལ་དང་ཡུལ་སྐོར། སྐྱེ་ཁམས། རིག་གནས་བཅས་མཉམ་འདྲེས་ལས་བྱུང་བའི་མཛེས་དཔལ་ཉམས་སུ་མྱོང་དུ་འཇུག་རྒྱུ་རེད་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལུས་རྩལ་ལས་དོན་ནི་སྒོ་འབྱེད་ཀྱི་ལས་དོན་ཞིག་ཡིན་ལ། ལུས་རྩལ་གྱི་བརྗེ་རེས་ལ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཁྱད་པར་མེད། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་མཚོ་སྔོན་ལ་དབང་བ་དང་། ཀྲུང་གོར་དབང་ཞིང་། དེ་བས་ཀྱང་འཛམ་གླིང་ལ་དབང་། ལྗང་མདོག་དང་མི་ཚུལ། འཆམ་མཐུན་བཅས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་སྤེལ་ནས་ལོ་ངོ་བཅུ་དྲུག་གི་སྤྱིར་བཏང་མིན་པའི་བརྒྱུད་རིམ་བརྒྱུད་ལ། ལོ་ངོ་བཅུ་དྲུག་གི་རྒྱུན་འཁྱོངས་ལྷོད་མེད་དང་ལོ་ངོ་བཅུ་དྲུག་གི་གསར་སྐྲུན་འགྱུར་མེད། ལོ་ངོ་བཅུ་དྲུག་གི་ཡར་རྒྱས་གོང་འཕེལ་བཅས་བརྒྱུད་ནས། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། ཁྲོམ་ར་ཅན། མཚན་སྙན་ཅན་བཅས་ཀྱི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་མིག་དབང་བཀུག་ཡོད། དེའི་ཤན་ཤུགས་དང་ནུས་པ་ལུས་རྩལ་འགྲན་སྡུར་གྱི་ཚད་ལས་བརྒལ་ནས། མཚོ་སྔོན་དང་ཀན་སུའུ། ཞིན་ཞ་བཅས་ཞིང་ལྗོངས་གསུམ་གྱི་རིགས་སོ་སོའི་མི་དམངས་ཀྱི་གཟབ་རྒྱས་ཆེ་བའི་དུས་ཆེན་དང་ཕྱི་ཕྱོགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་ལ། མཛེས་སྡུག་གི་མཚོ་སྔོན་དང་ཡིད་འོང་གི་ཀན་སུའུ། མཐའ་མཚམས་ཀྱི་ཉིན་ཞ་བཅས་དྲིལ་སྒྲོག་བྱེད་པ་དང་གནའ་བོའི་དར་གོས་ཚོང་ལམ་གྱི་དཔལ་ཡོན་ངོམ་པའི་མིང་བྱང་གྲགས་ཅན་དུ་གྱུར་ཡོད་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་མནའ་འབྲེལ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་གསར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་སོགས་ལས་ཁུངས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་མཛུབ་སྟོན་ཞིབ་མོའི་འོག་ཏུ། ཀན་སུའུ་དང་ཉིན་ཞ་ཞིང་ལྗོངས་གཉིས་དང་མཉམ་དུ་འགྲན་སྡུར་གྱི་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་ནས། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་དེ་ཁྱད་ཆོས་ཅན་དུ་བསྒྲུབ་པ་དང་། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་དེ་ལྗང་མདོག་གི་འཚོ་བ་དང་ལྗང་མདོག་གི་ལུས་རྩལ། ལྗང་མདོག་གི་འཕེལ་རྒྱས་བཅས་ལ་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་ལྟ་བུར་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་མནའ་འབྲེལ་གྱི་འཐུས་མི། ལག་རྩལ་བློ་འདོན་པ་ཧྲི་ཐིས་ཧྥུའུ་ཕིས་ཐི་སིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འགྲན་རྩོད་ཆེས་ཆེ་བའི་འགྲན་སྡུར་ནང་གི་གཅིག་ཏུ་གྱུར་ཡོད་ལ། མིང་དོན་མཚུངས་པའི་རྒྱལ་སྤྱི་རིམ་པའི་ལྕགས་རྟ་རྒྱུག་འགྲན་ཞིག་ཡིན། རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་མནའ་འབྲེལ་ལོ་མང་པོའི་རིང་གི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་གནས་ཚུལ་ལ་ཡིད་ཚིམས་ཡོད། འགྲན་སྡུར་འདིས་ཀྲུང་གོའི་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་གྲུབ་འབྲས་མཚོན་པའི་ཕྱོགས་ནས་ཧ་ཅང་གནད་འགག་གི་ནུས་པ་བཏོན་ཡོད་ཟེར།

སྐབས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་སྡུར་དེ་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་འགོ་བརྩམས་ཏེ་ཚེས་ཉེར་དགུ་ཉིན་མཇུག་རྫོགས་རྒྱུ་ཡིན་ལ། མཚོ་སྔོན་དང་ཀན་སུའུ། ཞིན་ཞ་བཅས་ཞིང་ལྗོངས་གསུམ་ནས་འགྲན་སྡུར་བྱེད་རྒྱུ་རེད། འགྲན་སྡུར་ལ་བསྡོམས་པས་ཉིན་བཅུ་བཞི་དང་འགྲན་རིམ་བཅུ་གསུམ་ཡོད་པ་དང་། སྤྱིའི་ལམ་ཐག་ལ་སྟོང་རྨིད་སྟོང་གསུམ་དང་སུམ་བརྒྱ་ང་གསུམ་ཡོད། མཚོ་ངོས་ལས་ཆེས་མཐོ་ཚད་ལ་རྨིད་སྟོང་བཞི་དང་བརྒྱ་ལྷག་ཡོད། འགྲན་སྡུར་གྱི་ལམ་དུ་ཞིང་ལྗོངས་གསུམ་གྱི་གྲོང་ཁྱེར་དང་ཁུལ་བཅུ་དང་། ཆུའུ་དང་རྫོང་ཉེར་བཞི་བརྒྱུད་རྒྱུ་རེད།