ཝང་གོ་ཧྲིན་གྱིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་བྱས།
2017.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་བྱས།

ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་པན་ཆེན་རིན་པོ་ཆེ་མཆོག་ཐེངས་བཞི་བར་མཚོ་སྔོན་དུ་ཕེབས་ནས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། མཚོ་སྔོན་ལ་རྟོག་ཞིབ་བྱས་པར་དགའ་བསུ་ཞུས།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ན་ནིང་གི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་མཚོ་སྔོན་ལ་རྟོག་ཞིབ་བྱེད་དུ་ཡོང་ནས། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་བཏོན་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱས་ནས། འགོ་ཚུགས་ས་གསར་བའི་སྟེང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཏོན་པས། ང་ཚོས་ནམ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་མི་རིགས་ཆོས་ལུགས་ཐད་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། ལས་དོན་སྣ་ཚོགས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་སོང་ནས། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བའི་དུས་རིམ་གསར་བར་སླེབས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་སྣེ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དངུལ་གཏོང་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། རྨང་གཞིའི་སྒྲིག་ཆས་དང་ཐོན་ཁུངས་ནུས་ཁུངས་ལས་གཞི་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ནས། བོད་ཁུལ་གྱིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་པ་དང་། བོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་འགན་སྲུང་ཡོད་པ་དང་རྒྱུ་སྤུས་བཟང་བའི་འཚོ་བ་རོལ་ཐུབ་པར་ཁག་ཐེག་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་རུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་པན་ཆེན་མཆོག་གིས་རིག་གནས་ཤེས་བྱར་སྦྱང་བ་མཐར་ཕྱིན་བྱས་པས། ཆོས་ལུགས་ཤེས་བྱའི་ཆུ་ཚད་ཉིན་བཞིན་ཇེ་མཐོར་སོང་བ་དང་། ལོ་མང་པོར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བླ་མ་ཆེན་པོའི་སྣང་བརྙན་བཟང་བོ་བསྐྲུན་ནས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས། ངས་འདི་ནས་རིན་པོ་ཆེ་མཆོག་གིས་སྔར་བཞིན་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཏོན།

པན་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཝང་གོ་ཧྲིན་གྱིས་ཐུག་འཕྲད་བྱས་པ་དང་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཁོར་སེམས་ཁུར་བྱས་པར་བཀའ་དྲིན་ཞུས། ཁོང་གིས་གསུངས་རྒྱུར། ང་རང་གིས་མཚོ་སྔོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ནམ་ཡང་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་མཚོ་སྔོན་གྱི་རྒྱུས་ལོན་དང་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་སོང་། མཚོ་སྔོན་གྱི་གྲུབ་འབྲས་གསར་བ་དང་འགྱུར་ལྡོག་གསར་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཐོང་པས། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཏང་ཀྲུང་དབྱང་གིས་མཚོ་སྔོན་ས་ཁུལ་གྱི་འཕེལ་རྒྱས་ཐད་རེ་བ་ཆེན་པོ་བཅངས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་བྱེད་དགོས་པ་དང་། ནམ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་ཐོན་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་སེམས་ཁུར་བྱེད་པ་བཅས་བྱས་པར་ང་རང་ཉིད་ཀྱི་སེམས་སྟེང་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།

རིན་ཆེན་རྒྱལ་དང་ལིག་ཉིན། མགོན་པོ་བཀྲ་ཤིས། ཝང་ཡུས་པོ། དབང་མོ། ཡཱང་ཧྥུན་ཁྲོན། རིན་ཆེན་རྣམ་རྒྱལ། གཟིམ་ཁང་བཅས་ཐུག་འཕྲད་ལ་ཞུགས།