པན་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་ཞིང་ཆེན་དུ་ཆོས་ཀྱི་ཆོ་ག་སྤེལ།
2017.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་བཞི་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པན་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་ཞིང་ཆེན་ནས་ཆོས་ཀྱི་ཆོ་ག་སྤེལ། འདི་ནི་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་བཞིའི་རྗེས་སུ་ཡང་བསྐྱར་མཚོ་སྔོན་དུ་ཕེབས་པ་ཡིན་ལ། མཚོ་སྔོན་དུ་ཕེབས་ཐེངས་བཞི་བ་རེད། རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་ཀྱིས་པན་ཆེན་མཆོག་ལ་དགའ་བསུ་ཆེན་པོ་དང་དད་གུས་བླ་མེད་བྱས།

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། པན་ཆེན་རིན་པོ་ཆེ་མཆོག་ཡུས་ཧྲུའུ་སྐྱེ་དགུ་དགོན་དུ་ཕེབས་ནས། གྲྭ་བཙུན་རྣམས་ལ་འཚམས་འདྲི་མཛད་པ་མ་ཟད་ཆོས་ཀྱི་སྦྱིན་པ་གནང་། གྲྭ་བཙུན་བརྒྱ་ཕྲག་ལྷག་གིས་སེར་ཕྲེང་བསྒྲིགས་པ་དང་། ལྷ་བསང་བཏང་ཞིང་ཆོས་དུང་བུས་ནས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོས་པན་ཆེན་མཆོག་ལ་བསུ་མ་བྱས། པན་ཆེན་བཞུགས་ཁྲིར་གསོལ་ནས་ཆོས་ཀྱི་ཆོ་ག་སྤེལ། 2010ལོར་ཡུས་ཧྲུའུ་ལ་ས་འགུལ་བྱུང་རྗེས། པན་ཆེན་མཆོག་ཡུས་ཧྲུའུ་རུ་ཕེབས་ནས། སྦྲ་གུར་ནང་བསྔོ་སྨོན་གསུངས་མྱོང་། ད་ལྟ་བསྐྱར་འཛུགས་རྗེས་ཀྱི་སྐྱེ་དགུ་དགོན་པ་བརྗིད་ཆགས་ཤིང་སྒྲིག་ཆས་ཆ་ཚང་བས། ཆོས་ལུགས་ཆོ་ག་བདེ་བླག་ངང་སྤེལ་ལ། སྐྱེ་དགུ་དགོན་པའི་སླར་གསོ་བསྐྱར་འཛུགས་ལ་པན་ཆེན་མཆོག་ཐུགས་ཤིན་ཏུ་དགྱེས་པར་གྱུར།

འབྲི་སྟོད་རྫོང་དགོན་གསར་དགོན་དུ། ས་དེའི་མང་ཚོགས་ཀྱིས་ལུས་ལ་གཟབ་འཕྱོར་སྤྲས་ཤིང་ལག་ཏུ་ཁ་བཏགས་བཟུང་སྟེ་ལམ་གྱི་འགྲམ་དུ་ལངས་ནས་པན་ཆེན་མཆོག་ལ་བསུ་མ་བྱས། པན་ཆེན་རིན་པོ་ཆེ་མཆོག་གིས་དགོན་པ་དེའི་འདུ་ཁང་ཆེན་མོ་ནས་གྲྭ་བཙུན་རྣམས་ཀྱིས་ཕུལ་བའི་མནཌལ་དང་སྐུ་དང་མཆོད་རྟེན་སོགས་བླངས་པ་དང་དབང་བསྐུར། དེའི་རྗེས་སུ། པན་ཆེན་མཆོག་ཇོ་སྐུའི་མདུན་དང་ཆོས་རྗེ་ཚང་སྐུ་གོང་མའི་སྐུ་གདུང་མཆོད་རྟེན་གྱི་མདུན། དགོན་གསར་དགོན་པའི་བཤད་གྲྭ་སོགས་སུ་ཕེབས་ནས་ཞལ་འདོན་གནང་བ་དང་རབ་གནས་བྱས།

སྐུ་འབུམ་དགོན་པ་ནི་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་རེད། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་མོར། པན་ཆེན་རིན་པོ་ཆེ་སོགས་ཐོག་མར་སྐུ་འབུམ་དགོན་པའི་མཆོད་རྟེན་བརྒྱད་པའི་ཐང་ཆེན་དུ་ཕེབས་པ་དང་། དེ་ནས་གྲྭ་བཙུན་རྣམས་ཀྱི་བསུ་མའི་འོག་གསེར་གདུང་ཆེན་མོའི་ནང་དུ་ཕེབས་ཏེ། སྨོན་ལམ་གསུངས་བ་དང་མཆོད་མེ་བསྒྲོན་པ་སོགས་ཀྱི་ཆོ་ག་མཇུག་རྫོགས་རྗེས། འདུ་ཁང་ཆེན་མོའི་ནང་ཕེབས། གྲྭ་བཙུན་ལྔ་བརྒྱ་ལྷག་འདུ་ཁང་དུ་འཛོམས་ནས་པན་ཆེན་མཆོག་ལ་ཁ་བཏགས་སོགས་ཕུལ་བ་དང་། པན་ཆེན་མཆོག་གིས་ཀྱང་གྲྭ་བཙུན་རྣམས་ལ་ཆོས་ཀྱི་སྦྱིན་པ་གནང་།

མཚོ་སྔོན་པོའི་གླང་ཆེན་མཆེ་བ་རུ། པན་ཆེན་རིན་པོ་ཆེ་མཆོག་གིས་མཚོ་སྔོན་པོར་མཚོ་མཆོད་ཕུལ་ནས། ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་གསོལ་བ་བཏབ། ཆོ་ག་སྤེལ་སྐབས་པན་ཆེན་མཆོག་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡིན་པའི་ཆ་ནས། ཆོས་ཉམས་ལེན་ཟབ་མོ་བྱས་ཏེ་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་དང་། ལྷག་པར་དུ་དགོན་སྡེའི་གྲྭ་བཙུན་རྣམས་ཀྱི་སློབ་སྦྱོང་ཐད་ཤུགས་བསྣན་ནས། ཆོས་ལུགས་ལས་རིགས་དང་སྤྱི་ཚོགས་ལ་གོ་ཆོད་པའི་གྲྭ་བཙུན་ཞིག་བྱེད་དགོས་པ་དང་། ནང་ཆོས་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས་བྱས་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་དུ་གཏོང་དགོས། ཆོས་ལུགས་སོ་སོའི་བར་མཐུན་སྒྲིལ་བྱས་ནས། མཉམ་དུ་མེས་རྒྱལ་ལ་སྨོན་ལམ་འདེབས་པ་དང་། མི་རིགས་མཐུན་སྒྲིལ་ཐད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།

བསྟུད་མར་ཉིན་འགའི་རིང་ལ། པན་ཆེན་མཆོག་གིས་ལམ་བར་གྱི་དཀའ་ཁག་ལ་མ་འཛེམས་པར་། ཚད་ཆེས་མཐོ་བའི་སྒོ་ནས་དད་ལྡན་མང་ཚོགས་ཀྱི་དགོས་མཁོ་བསྐངས་ནས། རླབས་ཆེ་བའི་བླ་མ་ཞིག་གི་སྣང་བརྙན་མངོན་པར་བྱས། བཀྲ་ཤིས་ཐང་ནས་པན་ཆེན་རིན་པོ་ཆེ་མཆོག་གིས་ཚ་བར་མ་འཛེམས་པར་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་ནས་ས་སྲོད་བར་དུ། མང་ཚོགས་ལ་མཇལ་ཁ་གནང་།

པན་ཆེན་རིན་པོ་ཆེ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་ཐུགས་བློ་དང་ཆོས་ལུགས་ཐད་ཀྱི་ཤེས་རྒྱ་ལ་རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་ཀྱི་བརྩི་བཀུར་ཆེན་པོ་ཐོབ།