ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2017.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་ལག་བསྟར་དང་དངོས་འབེབས་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གཏམ་བཤད་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་ལ། ཡིད་ཆེས་བཞི་བརྟན་པོར་འཛུགས་པ་དང་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱས་ཏེ། ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་མཚོ་སྔོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དུ་སྐུལ་འདེད་གཏོང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དུ་བཞག་སྟེ་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། གོ་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་དགོས་ལ། སེམས་ཞིབ་མོས་རྩ་འཛུགས་བྱེད་པ་དང་བཀོད་སྒྲིག་གང་ལེགས་བྱེད་བྱས་ནས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཆེད་དོན་སློབ་སྦྱོང་འཛིན་གྲྭ་སྒྲུབ་པ་ཟུང་འབྲེལ་བྱེད་དགོས། གྲོང་ཁྱེར་དང་ཁུལ། རྫོང་སོ་སོས་མྱུར་དུ་བྱ་འགུལ་སྤེལ་ཏེ་གོང་འོག་བར་གསུམ་དུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་བསླངས་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བསམ་བློ་གླེང་ཕྱོགས་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་སྟེ་དབྱངས་རྟ་གཙོ་བོ་དར་སྤེལ་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་གཏོང་བྱེད་དགོས་ལ། གཅིག་སྡུད་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་མུ་མཐུད་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་དེ་གཏིང་ཟབ་ཏུ་སྤེལ་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྲུབ་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་ཞིང་བྱ་བ་སྣ་ཚོགས་དམ་འཛིན་དང་དངོས་འབེབས་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ནན་ཏན་སྒོས་ཐག་གཅོད་བྱེད་པ་དང་ནན་ཏན་སྒོས་བྱ་བ་སྒྲུབ་སྐབས་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། ནན་ཏན་སྒོས་བྱ་བ་སྒྲུབ་སྐབས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།