མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་དྲུག་པ་རྒྱལ་ཁའི་ངང་མཇུག་བསྡུས།
2017.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་གྱི་མཇུག་བསྡུ་བྱ་དགའ་སྟེར་བའི་མཛད་སྒོ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ཉིན་ཞཱ་ཧོས་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་དུ་བསྡུས། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཡོ་ཨེ་ཞིན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧོ་ཡོན་བཅས་མཛད་སྒོར་ཞུགས་པར་མ་ཟད་བྱ་དགའ་གནང་། ཡོ་ཨེ་ཞིན་གྱིས་ཤིས་ཚིག་ཕུལ།

ཉིན་བཅུ་བཞི་དང་འགྲན་རིམ་བཅུ་གསུམ་གྱི་ཛ་དྲག་ཆེ་བའི་འགྲན་རྩོད་བརྒྱུད་དེ། མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སིན.མེན་སེ་ཧྥུའུ་ཡིས་དུས་ཚོད་ཞེ་གཅིག་དང་སྐར་མ་བཅུ་དགུ་སྐར་ཆ་སུམ་ཅུའི་སྤྱིའི་གྲུབ་འབྲས་ལ་བརྟེན་ནས་སྐབས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་གོན་པ་དང་། དེ་ནི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་སྤེལ་བའི་ལོ་ངོ་བཅུ་དྲུག་རིང་། མཚོ་སྔོན་འགྲན་ཞུགས་རུ་ཁག་གི་ཐེངས་དང་པོར་བྱ་དགའ་ཨང་དང་པོ་བླངས་པ་རེད།

སྐབས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་བརྗོད་དོན་ནི་ལྗང་མདོག་དང་མི་གཞུང་། འཆམ་མཐུན་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཅས་གསུམ་གྱིས་འབད་བརྩོན་འོག འཛམ་གླིང་གི་གླིང་ཆེན་ལྔ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་ཉེར་གཉིས་ཀྱི་འགྲན་ཞུགས་པ་བརྒྱ་དང་ང་བཞིས། འགྲན་རིམ་བཅུ་གསུམ་དང་སྤྱི་ལེ་སྟོང་གསུམ་དང་སུམ་བརྒྱ་ཞེ་བདུན་གྱི་འགྲན་ལམ། ཉིན་བཅུ་བཞི་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བརྒྱུད་དེ། བདེ་བླག་ངང་མཇུག་བསྡུས་པ་དང་། ང་ཚོར་ཕུན་སུམ་ཚོགས་ཤིང་ཛ་དྲག་ཆེ་བའི་ལུས་རྩལ་གྱི་དགའ་སྟོན་ཆེན་པོ་ཞིག་བཤམས།

སྐབས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་ཐད་ནས་ལུས་རྩལ་དང་གནས་སྐོར། སྐྱེ་ཁམས་དང་རིག་གནས་མཉམ་བསྲེས་བརྗེ་རེས་མངོན་པར་བྱས་ཡོད་ལ། མི་ཡོངས་ལ་འགྲན་བསྡུར་གྱི་མགྱོགས་ཚད་དང་བརྩེ་སེམས་མྱོང་ཚོར་བྱེད་དུ་བཅུག་པ་མ་ཟད། རབ་མཛེས་མཚོ་སྔོན་དང་མཛེས་སྡུག་གི་ཀན་སུའུ། ངོ་མཚར་ཆེ་བའི་ཉིན་ཞ། གནའ་བོའི་དར་གོས་ཚོང་ལམ་གྱི་མཚར་སྡུག་ཆེ་བའི་མཛེས་ལྗོངས་ཉམས་སུ་མྱོང་དུ་བཅུག་པ་དང་། རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་གྱི་གྲུབ་འབྲས་བཟང་བོ་འགྲེམ་སྟོན་བྱས་ཏེ། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་རྒྱལ་སྤྱིའི་ཤན་ཤུགས་དང་འགུག་ཤུགས་སྔར་ལས་ཇེ་ཆེར་བཏང་། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་རྒྱུན་མཐུད་དེ་བསྡུས་པ་དེས། རང་རྒྱལ་གྱི་ལྕགས་རྟ་ལུས་རྩལ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་བསྩལ་ངེས་པ་དང་། དེ་མཚོ་སྐོར་རིག་གནས་རྒྱུད་སྒྲོག་དང་དར་གོས་ཚོང་ལམ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་མུ་འབྲི་བྱེད་པའི་ལུས་རྩལ་གྱི་དགའ་སྟོན་ཞིག་ཏུ་གྱུར་ཐུབ་པ་ཁོ་ཐག་ཡིན་ལ། མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ཡུན་རིང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་རེད།

བྱ་དགའ་སྟེར་བའི་མཛད་སྒོ་སྟེང་། ད་དུང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་སྤེལ།