བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་གཞི་རིམ་དཔག་དཔུང་ཡོད་སར་ཕྱིན་ནས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དང་མེ་འགོག་དཔོན་དམག དམག་ཁྱུ་ལས་བུད་པའི་དམག་མི་བཅས་ལ་འཚམས་འདྲི་བྱས་ཤིང་། འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་བྱས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུས་པར་མ་ཟད། དམག་མི་རྣམས་ཀྱིས་རྒྱལ་སྲུང་ལས་དོན་དང་མཚོ་སྔོན་གྱི་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས།
ཝང་གོ་ཧྲིན་དམག་དཔུང་སྡོད་སར་ཡོང་ནས། འཕྲིན་སྐྱེལ་སྒྲིག་ཆས་དང་དམག་དཔུང་འཛུགས་སྐྲུན་ལ་ཞིབ་ལྟ་བྱས་ཏེ། དམག་དཔོན་དང་དམག་མིར་མཛའ་བརྩེ་ལྡན་པའི་ངང་ནས་གླེང་མོལ་བྱས་པ་དང་། དམག་དོན་དང་སློབ་སྦྱོང་། འཕེལ་རྒྱས་བཅས་ཀྱི་སྒོ་ནས་ཁ་བརྡ་བྱས་རྗེས། དམག་མིའི་སྦྱོང་བརྡར་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། དམག་མི་རྣམས་ཀྱི་སྤོབས་པས་བརྟས་པའི་རྣམ་པ་ལེགས་པོ་མཐོང་བས་ཝང་གོ་ཧྲིན་གྱི་སེམས་པ་སྤྲོ་བས་མྱོས། ཝང་གོ་ཧྲིན་གྱིས་དམག་དཔོན་དང་དམག་མི་རྣམས་ལ་མིག་སྔའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་རྗེས་བཤད་རྒྱུར། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་དུ་འགྱུར་བར་བྱེད་པ་ལ། ཐོག་མར་ལྟ་བ་གསལ་ཐག་ཆོད་པའི་སྒོ་ནས་ཆབ་སྲིད་ལ་བརྩི་མཐོང་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་སྐོར་གྱི་འགྲེལ་བརྗོད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ལོ་རྒྱུས་ཀྱིས་བསྩལ་བའི་འགན་འཁྲི་ལག་ལེན་ལ་བསྟར་དགོས་པར་མ་ཟད། དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་གཡུལ་ལས་རྒྱལ་ཐུབ་པའི་ནུས་པ་གསོ་དགོས་ལ། མི་དམངས་དམག་དཔུང་གི་སྲོལ་རྒྱུན་བྱེད་ཕྱོགས་དར་སྤེལ་གང་ལེགས་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མུ་མཐུད་དམག་དཔུང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། དམག་ཁོངས་ལས་བུད་པའི་དམག་མིར་བཀོད་སྒྲིག་གང་ལེགས་བྱེད་པ་དང་ཁོ་ཚོའི་བུ་དང་བུ་མོ་སློབ་གྲྭར་མངགས་པ་སོགས་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་མཐར། རྒྱ་ཆེ་བའི་དམག་དཔོན་དང་དམག་མིའི་འགན་འཁྲི་ལག་བསྟར་བྱེད་པར་འགན་སྲུང་དང་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དམག་དཔོན་དང་དམག་མིར་མཛའ་བརྩེ་ལྡན་པའི་ངང་ནས་འཚམས་འདྲི་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་རྒྱ་ཆེ་བའི་དམག་དཔོན་དང་དམག་མི་རྣམས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི། ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཕོད་པ། སྤྱོད་ལམ་ལེགས་པ་བཅས་ཀྱི་བླང་བྱ་ཡིད་ལ་དམ་པོར་ཉར་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔག་དཔུང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་གྲ་སྒྲིག དམག་དཔུང་བཅོས་སྒྱུར་སོགས་ཀྱི་ཕྱོགས་ནས་བཏོན་པའི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་ཉར་ཐོག ཉིན་རྒྱུན་གྱི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དང་ཉིན་རྒྱུན་གྱི་སྦྱོང་བརྡར། ཉིན་རྒྱུན་གྱི་དམག་དོན་བྱ་འགུལ་བཅས་ཀྱི་ཁྲོད་ནས། རང་རྒྱལ་དམག་མིའི་གཟི་བརྗིད་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པར་མ་ཟད། དམག་དཔུང་ལ་དགའ་ཞེན་ཡོད་པ་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་ཞེན་ཟོལ་མེད་ཡོད་པ་བཅས་བྱས་ནས། གཟི་བརྗིད་མང་པོ་ཞིག་བརྩོན་ལེན་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་མེ་འགོག་རུ་དཔུང་བཟོ་ལས་ར་བའི་དཔག་སྡེ་ཆེན་མོ་དང་བཅིངས་འགྲོལ་དམག་དྲུག་བརྒྱད་ཐིག་དྲུག་གཉིས་དམག་དཔུང་གཉིས་ཀྱི་གཅིག་སྦྲེལ་གཅིག་གི་དམག་སྒར་དུ་སོང་ནས། དམག་དཔུང་གི་དམག་དཔོན་དང་དམག་མིར་འཚམས་འདྲི་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། དུས་ཆེན་གྱི་འཚམས་འདྲི་ཞུས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་དང་། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གཉིས་གོང་གི་བྱ་འགུལ་ལ་ཞུགས།