མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱིས་མཉམ་ལས་བརྗེ་རེས་དང་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2017.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟི་ལིང་ལ་ཐོན་ནས། དུས་ཡུན་ཉིན་གཉིས་ཀྱི་རྟོག་ཞིབ་བྱེད་འགོ་བརྩམས། ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱིས་མཉམ་ལས་བརྗེ་རེས་དང་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧུང་ཀྲུང་གིས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཏོན་ཁྲུན་ཧྭ་གཉིས་ཀྱིས་སོ་སོར་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་དང་ཐེན་ཅིན་གྱི་མཉམ་ལས། ཁ་གཏད་རོགས་སྐྱོར་བྱ་བ་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

ལིས་ཧུང་ཀྲུང་གིས་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་དང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཐེན་ཅིན་གྲོང་ཁྱེར་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེན་ཅིན་གྱི་འཐུས་ཚབ་ཚོགས་པ་ད་ཐེངས་མཚོ་སྔོན་ལ་ཡོང་དོན་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་བྱས་ཏེ། ཐེན་ཅིན་དང་མཚོ་སྔོན་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྤྱིའི་བསྲུང་བྱར་བརྩིས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དབུལ་སྐྱོར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཆབ་སྲིད་ཀྱི་གནས་ཐིག་མཐོན་པོ་མངོན་མཚོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཧ་ཅང་ཆེན་པོ་བཞག་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློའི་རྣམ་འགྱུར་བཟང་པོ་མངོན་པར་བསྟན་པ་དེར་ང་ཚོས་སེམས་གཏིང་ནས་ཡིད་སྨོན་བྱེད་བཞིན་ཡོད། ཐེན་ཅིན་དང་མཚོ་སྔོན་བར་དུ་མཛའ་བརྩེ་ཟབ་མོ་ཡོད་ལ། ཏང་ཀྲུང་དབྱང་གིས་ང་ཚོས་སྤྲད་པའི་ཁ་གཏད་རོགས་སྐྱོར་ལས་འགན་གྱིས་ས་གནས་གཉིས་མཉམ་དུ་དམ་པོར་སྦྲེལ་ཡོད། ང་ཚོས་མཚོ་སྔོན་རོགས་སྐྱོར་བྱ་བ་ཡོངས་འགྲུབ་བཟང་པོ་བྱེད་པ་དེ་འདུ་ཤེས་བཞི་ལག་ལེན་བྱེད་པ་དང་། ཆབ་སྲིད་ལ་གཙིགས་འཛིན་བྱེད་པའི་འགུལ་སྐྱོད་དངོས་སུ་བསྒྱུར་ནས། རིམ་སྤོར་ཤུགས་སྣོན་དང་ཆུ་ཚད་མཐོར་འདེགས་ཀྱིས་ཕྱོགས་མང་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ་དང་ཚད་ཡོད་ཚད་མེད་ཟུང་སྦྲེལ་སྒོས་ཚད་ཡོད་པའི་མ་དངུལ་བཟང་པོར་བཀོལ་ནས། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི་ཚད་མེད་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། མཚོ་སྔོན་གྱི་ཐོན་ཁུངས་ཁྱད་སྟོབས་དང་ཐེན་ཅིན་གྱི་བཟོ་ལས་གསར་བཟོ་དང་འཇོན་མི། ཚན་རྩལ། སློབ་གསོའི་ཁྱད་སྟོབས་ཟུང་སྦྲེལ་གྱིས་གསར་སྤེལ་གྱི་རྣམ་པའི་མཚོ་སྔོན་རོགས་སྐྱོར་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་རོགས་རམ་བྱས་ཏེ། ཐེན་ཅིན་དང་མཚོ་སྔོན་གྱི་བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་བ་མཉམ་དུ་སྐྲུན་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཐེན་ཅིན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་གཅིག་ཙམ་གྱི་དུས་ཚོད་ནང་དུ། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཐེན་ཅིན་དང་མཚོ་སྔོན་ནས་བཞུགས་མོལ་བརྗེ་རེས་ཐེངས་གཉིས་ལ་བྱས་ཏེ། ཐེན་ཅིན་དང་མཚོ་སྔོན་མི་དམངས་ཀྱི་སེམས་དམ་དུ་སྦྲེལ། ཐེན་ཅིན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ད་ཐེངས་མཚོ་སྔོན་ལ་ཡོང་བ་འདིས་ང་ཚོར་དངོས་པོའི་རོགས་སྐྱོར་དང་སྤུན་ཟླའི་མཛའ་བརྩེ་ཁྱེར་ཡོང་བས། ང་ཚོས་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་ཚད་མེད་ཟབ་མོར་ཚོར་བྱུང་ལ། མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱིས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཀྱང་ཇེ་ཆེར་བཏང་སོང་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་བདུན་པའི་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ལོ་མང་པོའི་རིང་ལ། ཐེན་ཅིན་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། རྒྱུན་ཆད་མེད་པར་རིམ་སྤོར་ཤུགས་སྣོན་གྱིས་སློབ་གསོ་དང་སྨན་བཅོས། རིག་གནས། གསོ་སྦྱོང་། ཐོན་ལས་སོགས་ཐད་དུ་བསྟུད་མར་རོགས་སྐྱོར་བྱས་པ་དང་། རིམ་པ་མང་པོ་དང་ཁྱོན་ཡོངས་ནས་རོགས་སྐྱོར་མཉམ་ལས་བྱས་པས། རྨ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་ཡོད། ཐེན་ཅིན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ད་ཐེངས་མཚོ་སྔོན་ལ་ཡོང་བ་འདི་འགོ་རྩོམ་ས་གསར་བརྩིས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། དབུལ་སྐྱོར་མཁྲེགས་གཏོར་དང་སྐྱེ་ཁམས་འཛུགས་སྐྲུན། འཇོན་མིའི་རྒྱབ་སྐྱོར། ཡུལ་གཞན་སློབ་སྒྲུབ་སོགས་ཐད་ཀྱི་རོགས་སྐྱོར་མཉམ་ལས་ཟབ་སྤེལ་བྱས་ཏེ། མཚོ་སྔོན་རོགས་སྐྱོར་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་བཏང་ནས། ཐེན་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གྲུབ་འབྲས་གསར་པས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ང་བསྡུ་བར་བསུ་མ་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།
ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཡུས་ཀྲོ་དང་ལིས་དབྱི། སན་ནང་ཅུན། ལེང་པའོ་མེན། ལིས་ཧྲུའུ་ཆི། ལིག་ཁྲང་ཞི་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིག་ཉིན་དང་ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། མུའུ་ཏུང་ཧྲིན། ཝང་ཞའོ་ཆིན་བཅས་ཚོགས་འདུར་ཞུགས། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས།

མཚོ་སྔོན་དུ་ཡོད་སྐབས། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་གཅན་ཚ་རྫོང་ཞིང་ལས་ཚན་རྩལ་དཔེ་སྟོན་ར་བ་དང་གཅན་ཚ་རྫོང་བོད་སྨན་ཁང་། སྣང་རའི་སྟོང་དཔོན་གཞིས་ཀ རེབ་གོང་སྒྱུ་རྩལ་རྟེན་མཛོད་ཁང་། རྨ་ལྷོ་ཁུལ་སློབ་འབྲིང་། རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་། རྨ་ལྷོ་ཁུལ་སྐྱེ་ལྡན་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ར་བ་སོགས་ལ་རྟོག་ཞིབ་བྱེད་པར་སོང་བ་དང་། གཉན་ཐོག་ཞང་སྒོ་དམར་སྡེ་བར་སོང་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས།

ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་འགོ་ཁྲིད་ད་དུང་ཐེན་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་བརྩེ་བའི་འཚམས་འདྲི་བྱས།