ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཚོ་ལྷོ་ཁུལ་དུ་སོང་ནས། མཚོ་སྔོན་པོ་སོགས་ས་ཆའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་མཚོ་སྔོན་ལ་ལྟ་ཞིབ་བྱེད་པའི་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་གོ་གནས་སྔར་ལས་མཐོར་འདེགས་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཐེངས་འདིའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པ་དེ་གོ་སྐབས་སུ་བརྩི་བ། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཚད་མཐའ་དམ་སྲུང་བྱེད་པ། ཧུར་ཐག་གིས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་དགོས་ཟེར།
མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་དུ། ཝང་གོ་ཧྲིན་གྱིས་ལྗོངས་རྒྱུ་ཁུལ་གྱི་འཆར་འགོད་དང་རྨང་གཞིའི་སྒྲིག་ཆས། མཚོ་འགྲམ་གྱི་ཁོར་ཡུག་བཅོས་སྐྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། མཚོ་སྔོན་པོ་ནི་མཚོ་སྔོན་གྱི་མིག་འབྲས་ལྟ་བུ་ཡིན་པས། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མཚོ་སྔོན་པོ་ལ་གཅེས་སྤྲས་བྱེད་དགོས་པ་དང་། སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱེད་པ། ཚད་གཞི་མཐོན་པོ་དང་རྒྱུ་སྤུས་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས། ལྗོངས་རྒྱུ་ཁུལ་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་ལ་གསར་གཏོད་བྱེད་པ། ཕྱོགས་སོ་སོ་སང་མང་ཚོགས་ཀྱི་བརྩོན་སེམས་ཆེར་བསྐྱེད་པ། མཉམ་སྲུང་མཉམ་སྐྱོབ་ཀྱི་མཉམ་ཤུགས་གྲུབ་པར་བྱེད་པ། ལྗོངས་རྒྱུ་ཁུལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཏེ། མཚོ་སྔོན་པོ་འཛམ་གླིང་སྟེང་མིང་དུ་གྲགས་པའི་ལྗོངས་རྒྱུ་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།