ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཚོ་ནུབ་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བློ་སྣེ་ཁྲིད་དུ་བྱེད་པ་དང་། ཆབ་སྲིད་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་ལག་ཏུ་བཟུང་ནས་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ཚྭ་ཁའི་ཚྭ་མཚོ་ལྗོངས་རྒྱུ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན། ཞབས་ཞུ་དོ་དམ་སོགས་གནས་ཚུལ་དང་། པཱ་ཡིན་གཙང་བོའི་ཆུ་རྐའི་བཅོས་སྐྱོང་གནས་ཚུལ། ཀྲུང་ཁོང་ཉི་འོད་ནུས་པའི་གློག་འདོན་ཀུང་ཟིའི་འཁོར་སྐྱོད་བེད་སྤྱོད་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་སོགས་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།
རྟོག་ཞིབ་སྐབས་སུ། ཝང་གོ་ཧྲིན་གྱིས་ཁུལ་དང་རྫོང་དང་གཞི་རིམ་གྱི་ལས་བྱེད་པ་སྐོར་ཞིག་བར་གླེང་མོལ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་རེ་བ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་འདང་ས་ཁ་གསབ་བྱེད་པ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་བཅས་བྱས་ནས། གནད་དོན་རེ་རེ་བཞིན་ཐག་གཅོད་པ་དང་ས་ཁུལ་རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱེད་དགོས་ཟེར།
མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་ནུབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་དང་། ལྷག་པར་དུ་ཆུའི་ཐོན་ཁུངས་ཧ་ཅང་དཀོན་པས། ཆུ་དྭངས་མོ་དང་རི་སྔོན་པོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་དང་ཐན་ཉུང་། འཁོར་སྐྱོད་ཀྱི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་པ་ལས། ཁོར་ཡུག་ལ་གཏོར་བརླག་བྱེད་པར་བརྟེན་ནས་དུས་ཡུན་ཞིག་གི་དཔལ་འབྱོར་འཕར་སྣོན་བྱེད་པའི་བྱ་སྤྱོད་ལ་གཏན་ནས་བཀག་འགོག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། ཏན་ཏན་ཏིག་ཏིག་གི་འགུལ་སྐྱོད་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་དགོས་ཟེར།