ཝང་ཀྲིན་ཧྲིན་གྱིས་ན་གོར་མོའི་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་བྱས།
2017.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བརྒྱད་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ན་གོར་མོ་གྲོང་ཁྱེར་དུ་སོང་ནས། བཙོན་ཁང་དང་ཞིང་ར། རྫས་འགྱུར་བཟོ་ལས་སོགས་ཀྱི་ལས་ཁུངས་དང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་འགན་འཁྲིའི་འདུ་ཤེས་དྲག་པོ། ཡིད་རྟོན་འཕེར་བའི་ལག་ལེན་བཅས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བྱ་བ་སྔར་ལས་ཕན་འབྲས་ལྡན་པ་དང་ཏན་ཏན་ཏིག་ཏིག་ངང་འཛིན་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ཚྭ་མཚོ་སྡེ་ཚོགས་ལྕགས་རིགས་མཱེ་ཀུང་ཟི་ནས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ནི་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་ཚེ་སྲོག་གི་སྐུད་རྒྱུན་ཡིན་པས། ངེས་པར་དུ་བདེ་འཇགས་ཐོན་སྐྱེད་བྱ་བ་ཀུན་གྱི་གཙོ་བོར་བཟུང་ནས། ཉེན་ཁར་དཔྱད་འཇོག་དང་རྐྱེན་ངན་རྩད་གཅོད་ཡང་དག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་སྦྱོར་བ་མཐའ་འཁྱོལ་བར་བྱེད་པ། ཚན་རྩལ་ཆ་འཕྲིན་ཅན་གྱི་འཁོར་རྒྱུག་བཅོས་སྒྱུར་བྱ་བའི་བདེ་འཇགས་ཐོན་སྐྱེད་ཞིབ་ཕྲ་དངོས་འབེབས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཕྱོགས་སུ་བློ་རྩེ་གཅིག་སྒྲིམ་བྱེད་པ། མེ་འགོག་བདེ་འཇགས་དམ་འཛིན་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོ་དང་གཉོམ་ཞན་ལས་རིམ་ཁག་ནས་ཞིབ་བཤེར་ཆེན་མོ་དང་ཁྲིམས་འཛིན་ཆེན་མོ། བཅོས་སྒྲིག་ཆེན་མོ་བཅས་ཀྱི་ལས་དོན་རྨང་རྐང་བརྟན་པོའི་ངང་སྤེལ་དགོས་ཞེས་བསྟན།