ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་གསོག་ཉར་དངུལ་ཁང་གཉིས་ཀྱིས་ཟི་ལིང་ནས་མཉམ་ལས་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་ཀྲུང་གོ་སྦྲག་སྲིད་གསོག་ཉར་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལིས་ཀོ་ཧྭ་གཉིས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མངགས་བཅོལ་ལྟར། ཝང་ཅན་ཅུན་གྱིས་གྲོས་མཐུན་མ་བཀོད་པའི་སྔོན་ལ་ལིས་ཀོ་ཧྭ་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོ་ཚོ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས། དེ་མིན་ད་དུང་ཀྲུང་གོ་སྦྲག་སྲིད་དངུལ་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ལིས་ཀོ་ཧྭ་ཡིས་མཚོ་སྔོན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་དངུལ་རྩའི་ལས་དོན་འཕེལ་རྒྱས་ཐད་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་པར་གདེང་འཇོག་ཡག་པོ་བྱས། ཕན་ཚུན་ཕྱོགས་གཉིས་ཀས་རང་སོ་སོའི་དགེ་མཚན་དཀྱིལ་སྙིང་དུ་བཟུང་ནས་མཉམ་ལས་འཕེལ་རྒྱས་ལས་དོན་ཐད་གྲོས་མོལ་བྱས།
ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་དུ་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་དང་། ཁྱད་པར་དུ་བདུན་གཉིས་དྲུག་གི་གཏམ་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཡར་ལྡན་དུ་སྤེལ་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འབད་འབུངས་ཧུར་སྐྱེད་བྱེད་བཞིན་ཡོད། དཔལ་འབྱོར་དང་དངུལ་རྩ་གཉིས་སོ་སོར་དགར་མི་རུང་བ་དང་། དངུལ་རྩ་བརྟན་པོ་ཡིན་ན་དཔལ་འབྱོར་དེ་བཞིན་དུ་ཇེ་བརྟན་དུ་འགྲོ་ངེས་པར་མ་ཟད། དངུལ་རྩར་གསོན་སྟོབས་ལྡན་ན་དཔལ་འབྱོར་ལ་གསོན་ཤུགས་ཀྱིས་བརྟས་ཡོད་པས། ས་གནས་དཔལ་འབྱོར་དང་དངུལ་ཁང་གི་འབྲེལ་བ་ནི་ཆུ་དང་གྲུ་ཡི་རྣམ་པ་ལྟ་བུ་ཞིག་ཡིན་ལ། ཆུ་ཆེ་རུ་རྒྱས་ན་གྲུ་ཇེ་མཐོར་འགྱོགས་ངེས་ཤིང་། ཆུ་ཇེ་ཆུང་དུ་སོང་བ་ཡིན་ན་གྲུ་རང་ཤུགས་ཀྱིས་ཇེ་དམའ་རུ་འགྲོ་ངེས་ཡིན། མཚོ་སྔོན་འཕེལ་རྒྱས་སུ་འགྲོ་བར་དངུལ་རྩ་ནི་འདེགས་སྐྱོར་གལ་ཆེན་ཡིན། མིག་སྔར་མཚོ་སྔོན་གྱི་རྨང་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་དུ་མར་ཞན་ཆ་གནས་ཡོད་པར་བརྟེན། དངུལ་རྩའི་རྒྱབ་སྐྱོར་ཆེན་པོ་མཁོ་ངེས་ཡིན། རེ་བ་ཡིན་ན་ཕན་ཚུན་ཕྱོགས་གཉིས་ཀས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པའི་གོ་སྐབས་འདི་དང་བསྟུན་ནས། རྒྱལ་ཡོངས་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བསམ་ཕྱོགས་གསར་གཏོད་དང་གཉིས་ཕན་གཉིས་རྒྱལ། ཆ་འཕྲིན་སྟེགས་བུ་བསྐྲུན་པ། ཡིད་རྟོན་མ་ལག་འཐུས་སྒོ་ཚང་བ་ཞིག་འཛུགས་པ། དངུལ་རྩའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་དེ། ཕན་ཚུན་ཕྱོགས་གཉིས་ཀའི་མཉམ་ལས་གཉིས་རྒྱལ་བྱེད་ཕྱོགས་སྔར་ལས་གཏིང་ཟབ་དུ་སྤེལ་དགོས་པར་མ་ཟད། མཉམ་ལས་ཁྱབ་རྒྱ་ཆེ་རུ་བཏང་ནས། མཉམ་དུ་དཔལ་འབྱོར་དང་དངུལ་རྩ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་སང་ཉིན་གསར་བ་ཞིག་བསྐྲུན་པར་འབད་པ་བྱེད་དགོས་ཟེར།
ལིས་ཀོ་ཧྭ་ཡིས་ཤིས་ཚིག་ཁྲོད་བཤད་རྒྱུར། སྦྲག་སྲིད་དངུལ་ཁང་བཙུགས་ཏེ་ལོ་བཅུ་འགོར་བའི་རིང་ལ། རྒྱལ་ནང་གི་དྲ་སྦྲེལ་གྲངས་འབོར་ཆེས་མང་ལ་ཁེབས་རྒྱ་ཆེས་ཆེ་བ། མགྲོན་པོར་ཞབས་ཞུ་བྱས་ཚད་ཆེས་མང་པ་བཅས་ཀྱི་སིལ་འཚོང་ཚོང་ལས་དངུལ་ཁང་གལ་ཆེན་ཞིག་ཏུ་གྱུར། མཚོ་སྔོན་ལ་ས་བབ་དགེ་མཚན་མངོན་གསལ་ལྡན་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན། འཐབ་ཇུས་གོ་གནས་གལ་ཆེན་ཟིན་ཡོད། ཐེངས་འདིའི་ཕན་ཚུན་ཕྱོགས་གཉིས་ཀའི་གྲོས་མཐུན་བཀོད་པའི་བྱ་བ་ནི་དུས་ཡུན་རིང་བོར་མཉམ་ལས་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཡིན་པར་མ་ཟད། ཕན་ཚུན་ཕྱོགས་གཉིས་ཀའི་མཉམ་ལས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པའི་རྟགས་མཚན་ཡང་ཡིན་ཟེར།
ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཀྲུང་གོ་སྦྲག་སྲིད་གསོག་ཉར་དངུལ་ཁང་གི་མགོ་བ་ལོས་ཅ་ཅིན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་ཆོད་སྟེང་མིང་རྟགས་བཀོད། གྲོས་མཐུན་བཀོད་པ་ལྟར་ན། མ་འོངས་ལོ་ལྔའི་རིང་ལ། སྦྲག་སྲིད་དངུལ་ཁང་གིས་མཚོ་སྔོན་ལ་སྒོར་ཐེར་ཆེན་ལྔ་ལས་མི་དམའ་བའི་དངུལ་རྩས་རྒྱབ་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དངུལ་རྩའི་འདེགས་སྐྱོར་ཆེན་པོ་ཞིག་འདོན་སྤྲོད་བྱེད་རྒྱུ་རེད།