ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་གཞུང་ལུགས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཚོགས་འདུར་ཞུགས། ཀྲུང་དབྱང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཀྲི་ཅུན་གྱིས་ཐེ་ཝན་བྱ་བའི་གནས་སྟངས་སྐོར་ནས་ཟུར་ཁྲིད་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་གྲོས་ཚོགས་ལ་འགོ་འཛིན་བྱས།
བློ་མཐུན་ཀྲང་ཀྲི་ཅུན་གྱིས་ཐེ་ཝན་གནད་དོན་གྱི་འབྱུང་རྐྱེན་དང་འགྱུར་ལྡོག མ་འོངས་འཕེལ་རྒྱས་ཀྱི་གནས་སྟངས། གནས་བབ་གསར་བའི་འོག་གི་ཐེ་ཝན་བྱ་བའི་བསམ་གཞིགས་དུ་མ་སོགས་སྣ་ཀུན་ནས་ཐེ་ཝན་བྱ་བའི་གནས་སྟངས་མཚམས་སྦྱོར་བྱས་ཏེ། མིག་སྔའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་གདོང་གཏོད་དགོས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་པར་མ་ཟད། མ་འོངས་པའི་བྱ་བའི་བསམ་ཕྱོགས་ལ་མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་གང་ལེགས་བྱས།
ཚོགས་ཞུགས་མི་སྣ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། སྤྱིར་བཏང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྣེ་མང་རྙོག་འཛིང་ཅན་དུ་གནས་ནའང་། སྙན་ཞུའི་བརྗོད་སྙིང་གསལ་ལ་གཙོ་གནད་འབུར་ཐོན་ཡིན་པར་མ་ཟད། ཐེ་ཝན་གྱི་བྱ་བ་གཙོ་བོའི་ཉམས་མྱོང་དངོས་དང་སྦྱར་ནས་སྙན་ཞུ་ཕུལ་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེ་ཝན་བྱ་བའི་ཐད་ཀྱི་འཐབ་ཇུས་བསམ་བློ་གལ་ཆེན་དང་ཀྲུང་དབྱང་གི་ཐེ་ཝན་བྱ་བའི་དགོངས་དོན་གསར་བ་དང་བཀོད་སྒྲིག་གསར་བ་བཅས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཐེ་ཝན་བྱ་བའི་དམིགས་འབེན་འགན་འཁྲི་དང་བྱ་བ་གཙོ་བོར་གོ་བ་ཡང་དག་ལེན་པར་ཕན་པ་ཆེན་པོ་ལྡན་པ་ལས་གཞན། གནས་བབ་གསར་བའི་འོག་མཚོ་སྔོན་གྱིས་ཐེ་ཝན་བྱ་བ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཟེར།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་ལས་དོན་ཅུའུ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་སློབ་སྦྱོང་གྲོས་ཚོགས་སྟེང་ཞུགས།