ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཟི་ལིང་ནས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་སྤྱི་འདོམས་པ་ཅིས་ཨར་པོ་ཐི•ཧོང་པོ་དང་ནོར་སྲིད་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པུན་གཉིས་ལ་ཐུག་འཕྲད་བྱས།
རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དམིགས་དངུལ་རྩའི་ལས་ཁུངས་ཤིག་ཡིན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རོགས་རམ་དང་། ཞིང་སྡེ་དབུལ་ཕོངས་རིམ་བཞིན་སེལ་རྒྱུ་ནི་དེའི་དམིགས་ཡུལ་ཡིན།
ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མངགས་བཅོལ་ལྟར། ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཅིས་ཨར་པོ་ཐི•ཧོང་པོ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་ཤིང་། རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་དང་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཝང་ཅན་ཅོན་གྱིས་མཚོ་སྔོན་གྱི་གནས་བབ་སྤྱི་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས་བཤད་རྒྱུར། མཚོ་སྔོན་ནི་དཔལ་འབྱོར་རྗེས་ལུས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རོང་འབྲོག་མི་གྲངས་ཀྱི་ཟིན་ཚད་མཐོ་བར་བརྟེན། དབུལ་ཐར་མཁྲེགས་ཀྱི་འོས་འགན་ཧ་ཅང་ལྕི། གཅིག་དགུ་གོ་ལྔ་ལོར་རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་དང་མཚོ་སྔོན་གཉིས་ཀྱིས་ལས་གཞི་མཉམ་ལས་སྤེལ་མགོ་བརྩམས་པ་དང་། ཁྱད་པར་དུ་ཉིས་སྟོང་བཅུ་དྲུག་ལོར་རི་ཀྱོག་ས་ཁུལ་དྲུག་ནས་དབུལ་སྐྱོར་ལས་གཞི་སྤེལ་བ་དེས་མཚོ་སྔོན་གྱི་རྫོང་ཁག་བདུན་གྱི་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་ཁྲི་དྲུག་སྟོང་བརྒྱད་ལ་རོགས་འདེགས་བྱས་ཏེ། ཁྱོན་བསྡོམས་དབུལ་ཕོངས་མི་གྲངས་འབུམ་བཞི་དང་ཁྲི་དྲུག་ལ་ཕན་ཁེ་བསྐྲུན། དེ་བས་ལས་གཞི་ནི་ཐེབས་རྩའི་འདེགས་དངོས་ཡིན་པ་དང་ཐོན་ལས་ནི་ལས་གཞིའི་འདེགས་སྐྱོར་ཡིན་པས། དངུལ་བུན་བཀོལ་ཤེས་བྱེད་རྒྱུ་ནི་འགན་འཁྲི་ཞིག་ཡིན་ལ། དབུལ་བུན་འཁོར་རྒྱུག་ལ་དོ་དམ་ལེགས་པོ་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན། མིག་སྔའི་མཚོ་སྔོན་ནི་ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་བའི་གནད་འགག་གི་དུས་རིམ་ན་གནས་ཤིང་། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས། ་ང་ཚོས་རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་མཉམ་ལས་བྱ་བར་མཐོང་ཆེན་བྱས་ཏེ། རེ་བ་ཡིན་ན་ཐེངས་འདིའི་གོ་སྐབས་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཐུན་མོང་གི་ངོས་ཟིན་སྔར་ལས་གཏིང་ཟབ་དུ་གཏོང་བ། མཉམ་ལས་ཀྱི་ཁྱབ་རྒྱ་ཆེར་བསྐྱེད་པ་བཅས་ལ་འབད་མཐར། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་རམ་གང་ལེགས་ཐོབ་པར་བྱེད་རྒྱུ་ཡིན་ཟེར།
ཅིས་ཨར་པོ་ཐི•ཧོང་པོ་ཡིས་ཧྲིན་ཀྲང་ཝང་ཅན་ཅོན་གྱི་ཐུག་འཕྲད་ལ་བཀའ་དྲིན་ཞུས་ཏེ། མཚོ་སྔོན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ལ་ཐོག་དང་པོར་ཡོང་བ་ཡིན་པས། གནམ་གྲུའི་སྟེང་ནས་རྔམ་བརྗིད་ཀྱི་རི་ཚོགས་དང་སྔོ་ལྟེམས་མེར་འཁྱིལ་བའི་གཙང་བོ་མཐོང་བས་ཡིད་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་དྲག་པོ་བྱིན། ཅིས་ཨར་པོ་ཐི•ཧོང་པོ་ཡིས་རྒྱལ་སྤྱི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་དང་མཚོ་སྔོན་གཉིས་ཀྱི་མཉམ་ལས་ལས་གཞིའི་འཕེལ་སྟངས་ལ་དགའ་སྤྲོ་ཚད་མེད་རྒྱས། རེ་བ་ཡིན་ན་མཚོ་སྔོན་གྱིས་ད་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་བོའི་སྟེང་ནས་མཉམ་ལས་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་བཏང་སྟེ། མཉམ་ལས་རིམ་པ་སྔར་ལས་ཇེ་མཐོར་གཏོང་བ་དང་། མཉམ་དུ་ཞིང་སྡེ་འཕེལ་རྒྱས་དང་རོང་འབྲོག་མི་དམངས་དབུལ་ཐར་ལས་དོན་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།
ཡན་ཅིན་ཧེ་ཡིས་ཐུག་འཕྲད་བྱེད་རོགས་བྱས།