ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་དགུ་བ་དང་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་ཚོགས་འདུ་ལ་མགོ་འཛིན་བྱེད་རྒྱུ་རེད།
2017.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་དགུ་བ་ཟླ་དགུ་བའི་ཚེས་གསུམ་ཉིན་ནས་ཚེས་ལྔ་ཉིན་བར་ཧྥུའུ་ཅན་ཞིང་ཆེན་ཞཱ་མིན་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་དགུ་བ་དང་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་ཚོགས་འདུར་མགོ་འཛིན་བྱེད་རྒྱུ་ཡིན་པ་མ་ཟད། གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོ་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད། ཕྱི་འབྲེལ་པུའུ་ཡིས་ཚེས་སུམ་ཅུ་ཉིན་ཀྲུང་ཕྱི་སྨྱན་བྱད་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ཟླ་དགུ་བའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་གྱི་སྔ་དྲོར། ཀྲུང་གོ་ཕྱོགས་ཀྱིས་ད་བར་དུ་གཞི་ཁྱོན་ཆེས་ཆེ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་བསྡུ་རྒྱུ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་བཟོ་ཚོང་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་གཏམ་བཤད་སྤེལ་རྒྱུ་རེད། ཟླ་དགུ་བའི་ཚེས་བཞི་ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཞཱ་མིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ནས་མགོ་ཁྲིད་མི་སྣའི་ཁྱབ་ཁོངས་ཆུང་བའི་གྲོས་ཚོགས་དང་ཁྱབ་ཁོངས་ཆེ་བའི་གྲོས་ཚོགས་བསྡུ་རྒྱུ་ཡིན་ལ། རྒྱལ་ཁབ་སོ་སོའི་མགོ་ཁྲིད་མི་སྣས་མགོ་ཁྲིད་མི་སྣའི་ཞཱ་མིན་བསྒྲགས་གཏམ་ལ་གྲོས་འཆམ་འགོད་རྒྱུ་རེད། དེའི་རྗེས། རྒྱལ་ཁབ་ལྔའི་མགོ་ཁྲིད་མི་སྣ་གསེར་གྱོམ་རྒྱལ་ཁབ་གྱི་རིག་གནས་དུས་ཆེན་མགོ་རྩོམ་པའི་མཛད་སྒོ་དང་རིག་གནས་པར་རིམ་འགྲེམ་སྟོན། བཟོ་ཚོང་ལས་འཛིན་ལྷན་ཚོགས་བར་གྱི་གྲོས་མོལ་དང་མིང་འགོད་པའི་མཛད་སྒོ་སོགས་བྱ་འགུལ་ལ་ཞུགས་རྒྱུ་རེད། ཉིན་དེའི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་མི་སྣ་དང་ཁོ་ཚོའི་ལྕམ་མོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་ཚོགས་འདུ་བསྡུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་མི་སྣ་དང་ཚོགས་ཞུགས་འཐུས་མི་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་རིག་གནས་བྱ་འགུལ་བཀོད་སྒྲིག་བྱས་ཡོད། ཟླ་དགུ་བའི་ཚེས་ལྔ་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ནས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་སྙིང་དུ་བྱས་པའི་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་ཡིན་པ་དང་། གསེར་གྱོམ་རྒྱལ་ཁབ་ལྔ་དང་ཨེ་ཅིབ། ཀི་ནེ་ཡ། མོ་ཞི་ཁོ། ཐ་ཅི་ཁི་སི་ཐན། ཐེ་གོ་བཅས་ཀྱི་མགོ་ཁྲིད་མི་སྣས་མཉམ་དུ་གསར་དར་ཚོང་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཇུས་ཆེན་ལ་གྲོས་མོལ་བྱེད་རྒྱུ་རེད། གྲོས་མོལ་ཚོགས་འདུའི་རྗེས་སུ་ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་པ་དང་། གྲོས་མོལ་ཚོགས་འདུ་གྲོལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་གསར་འགོད་པའི་ཚོགས་འདུ་བསྡུ་རྒྱུ་རེད།