ཝང་ཅན་ཅོན་གྱིས་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2017.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་དགུ་བའི་ཚེས་གཅིག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། སྟོབས་ཤུགས་གཅིག་བསྡུས་དང་རྨང་རྐང་བརྟན་པོའི་ངང་ནས་ལས་དོན་བསྒྲུབ་དགོས། ཧུར་བརྩོན་ཆེན་པོས་སྒྱུར་བ་བཞིའི་རྣམ་པ་གསར་བ་མགོ་ལོག་ནས་བཏོད་དེ། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།

ཝང་ཅན་ཅོན་གྱིས་ཉིན་གསུམ་གྱི་དུས་ཡུན་སྤྱད་དེ་སྔ་གཞུག་ཏུ་རྨ་ཆེན་དང་གཅིག་སྒྲིལ། པདྨ། དར་ལག དགའ་བདེ་བཅས་སུ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། མཁར་གྲོང་འཛུགས་སྐྲུན། ཡུལ་སྐོར་གསར་སྤེལ། ལས་རིགས་སློབ་གསོ། གཞི་རིམ་ཉེན་རྟོག་ལས་དོན་སོགས་ལ་ཞིབ་བཤེར་བྱས། དུས་མཚུངས་སུ། མགོ་ལོག་ཁུལ་གྱིས་རི་ཉིལ་བའི་གྱོང་གུད་སེལ་བར་རོགས་སྐྱོར་བྱེད་པའི་བྱ་བ་་ཁྱོན་ཡོངས་ནས་སྤེལ་བར་མཛུབ་སྟོན་བྱས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མགོ་ལོག་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གནད་ས་གལ་ཆེན་ཞིག་ཡིན་པས། ཤུགས་ཆེན་པོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། མང་ཚོགས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།