ཟླ་དགུ་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཏ་ཐུང་རྫོང་སུའུ་པའེ་བོད་རིགས་ཞང་སྤེན་མ་ཁུགས་སྡེ་བར་སོང་ནས། སྡེ་བ་དེ་གའི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་མོ་ཡིད་ལ་དམ་པོར་བཅངས་ནས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་སྲུང་འཛིན་བྱེད་རྒྱུ་ནི་གསེར་གྱི་རི་དང་དངུལ་གྱི་རི་ཡིན་པའི་འདུ་ཤེས་ཡིད་ལ་འཇགས་པར་བྱེད་དགོས། མིག་རྒྱང་རིང་དུ་བསྲིང་བ་དང་ལྟ་སྟངས་ཚུལ་བཞིན་སྒྱུར་བ། གཞི་རིམ་ཏང་རྩ་འཛུགས་བྱ་བར་ཤུགས་སྣོན་པ། ཏང་ཀྲི་པུའུ་ཧྲུའུ་ཅི་ལ་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་འབད་དེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་འཁོར་རྒྱུག་བཟང་བོའི་ཁྲོད་ནས།
ཞིང་སྡེ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་བགྲོད་ལམ་གསར་བ་བཏོད་མཐར། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། སྤེན་མ་ཁུགས་སྡེ་བའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་སྐས་རིམ་གལ་ཆེན་ཞིག་ཏུ་སྤོས་ཏེ་མགོ་ཡག་པོ་ཞིག་བརྩམས་ཡོད། མ་འོངས་པར་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གྱི་སྤྱི་ཁོག་འཆར་འགོད་དང་བཀོད་འགྲེམ་བཟང་བོར་བསྒྲུབ་ནས། ཐོན་ལས་སྦྲེལ་ཐག་མུར་བསྲིངས་པ་དང་མཛེས་ལྗོངས་ས་ཁུལ་གསར་བ་བསྐྲུན་པ། ཁྲོམ་ར་གསར་བ་བསྐྲུན་པ། ལྗང་མདོག་འཕེལ་རྒྱས་ཀྱི་ཚད་ཤིང་འཛུགས་པ། ཁྱད་ལྡན་ཡུལ་སྐོར་གྱི་མིང་གྲགས་ཐོན་རྫས་བསྐྲུན་པ་བཅས་ལ་འབད་མཐར། སྤེན་མ་ཁུགས་སྡེ་བ་ནི་ཞིང་སྡེ་ཚུལ་སྒྱུར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་འགྱུར་པ་ལ་འབད་དགོས་ཟེར།