མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཁོངས་གཏོགས་ཀྱི་གཏན་འཇགས་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་དྲུག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ། གཏན་འཇགས་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། སློབ་རའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལིག་ཉིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་རའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེ་དོན་དག་གལ་ཆེན་དུ་བརྩི་བ། ལམ་ལུགས་ལ་བརྟེན་ནས་གཏན་འཇགས་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཏང་འཛུགས་ལ་བརྟེན་ནས་གཏན་འཇགས་ཀྱི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐུན་མོང་གི་ལྟ་བར་བརྟེན་ནས་གཏན་འཇགས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ། མགོ་ཁུངས་ནས་སྔོན་འགོག་བྱེད་པར་བརྟེན་ནས་གཏན་འཇགས་ཐད་ཀྱི་གྲུབ་འབྲས་ཇེ་མཐོར་གཏོང་བ། འགྲན་རྩོད་དང་ཚོད་བགམ་ཐེག་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གི་སྤྱི་ཁོག་གི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་བོའི་གཏན་འཇགས་ཐད་བྱས་རྗེས་ཆེན་པོ་བཞག་ཟེར།
ལིག་ཉིན་གྱིས་ནན་གྱིས་བསྟན་དོན། སློབ་གྲྭ་ནི་སློབ་ཁྲིད་མི་སྐྱོང་བྱེད་ས་ཡིན་པ་དང་། སློབ་རའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ནི་སློབ་གསོ་བྱ་བ་སྒྲུབ་མཁན་ཚོའི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། ངེས་པར་དུ་ཀླད་པ་གསལ་བོ་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་བསྟར་བྱེད་པ། བསམ་བློའི་ཆབ་སྲིད་སློབ་གསོ་ལ་རྒྱུན་མཐུད་དེ་ཤུགས་སྣོན་པ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སར་དོ་དམ་བྱེད་པར་ཤུགས་སྣོན་པ། ཉེན་ཁ་སྣ་ཚོགས་ལ་ཁྱོན་ཡོངས་ནས་བརྟག་བཤེར་བྱེད་པ་དང་ཐག་བཅད་དེ། ཧུར་ཐག་གིས་བདེ་འཇགས་འཆམ་མཐུན་གྱི་སློབ་ཁྲིད་ཁོར་ཡུག་བསྐྲུན་དགོས་ཟེར།
ལིག་ཉིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྔ་ནུབ་ཀྱི་སློབ་རའི་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག སློབ་གྲྭའི་ཐུན་མོང་གི་འགན་འཁྲི་ཡིན་པས། ཏང་ལ་བློ་དཀར་བ་དང་ལས་དོན་ལ་འགན་ཁུར་བའི་རྣམ་པས་གཏན་འཇགས་སྲུང་སྐྱོབ་བྱ་བ་སེམས་སུ་འཛིན་པ་དང་ཕྲག་ཏུ་ལེན་པ། དམ་འཛིན་བྱེད་པ་དང་། ཆེད་དོན་སློབ་གསོ་སྡེ་ཁག་དང་སློབ་གྲྭའི་གཏན་འཇགས་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པ། ས་ཆ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཁོངས་གཏོགས་ས་ཆའི་མགོ་ཁྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཕྱོགས་སོ་སོའི་མཉམ་དུ་གཏན་འཇགས་སྲུང་སྐྱོབ་བྱེད་པའི་སྡེ་ཁག་གི་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། སློབ་རའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།
ཀྲང་ཞི་མེན་གྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ་དང་། བསམ་བློ་ངོས་ཟིན་གཅིག་གྱུར་བྱེད་པ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས། གཏན་འཇགས་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཝང་ཡུས་པོ་ཡིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག སློབ་གྲྭས་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། གནད་ཕིགས་ཤུགས་འདོན་ལ་དོ་སྣང་བྱེད་པ། ཚན་རིག་གི་བྱེད་ཐབས་སྤྱད་དེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་སློབ་གསོ་ཁོངས་གཏོགས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གྲོང་ཁྱེར་དང་ཁུལ་གསུམ་དང་མཐོ་རིམ་སློབ་གྲྭ་གསུམ་གྱིས་སོ་སོར་བརྗེ་རེས་གཏམ་བཤད་སྤེལ།