ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས།
2017.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས། ཁོས་ནན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བདུན་པ་དང་། གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་བསམ་གཞིགས་གཏོང་ཕྱོགས་དང་བྱ་བའི་བྱེད་ཐབས་སྤྱད་དེ། དཔེ་འོས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། བཅོས་སྒྱུར་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། ནན་ཏན་གིས་བྱ་བ་སྒྲུབ་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་བཏང་བའི་དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བཅོས་སྒྱུར་བྱ་བར་ཞིབ་བཤེར་བྱེད་དགོས་ལ། མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཕན་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅོན་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་སྟེང་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་བསྡུ་བར་བསུ་བ་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཁག་ཁུར་བྱེད་ཕོད་པ་དང་། ཡར་རྒྱས་བརྩོན་ལེན་བྱེད་པ། རང་འགུལ་གྱིས་བྱ་བ་སྒྲུབ་དགོས་པར་མ་ཟད། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལ་དམིགས་པ་དང་། སྒྱུར་བ་བཞི་ལ་དམིགས་ནས། བཅོས་སྒྱུར་གྱི་ཁ་ཕྱོགས་དང་དམིགས་འབེན། ལས་འགན་གཙོ་བོ་བཅས་དམ་པོར་བཟུང་སྟེ། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། བཅོས་སྒྱུར་གྱི་ཁྱོན་ཡོངས་རང་བཞིན་དང་རྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་གཙིགས་འཛིན་བྱས་ནས། སྒོ་འབྱེད་ཁྲོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བྱ་བའི་ཁྲོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་བྱེད་པའི་ཁྲོད་བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བ་བཟང་བོར་སྒྲུབ་པའི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན། གཞི་རྩའི་རེ་བ་བཅས་རྒྱས་བཤད་ཟབ་མོ་བྱས་ཏེ། ང་ཚོས་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བ་དང་མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་སྒྲུབ་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་པས། ང་ཚོས་དེར་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རེ་བའི་སྟེང་གཅིག་གྱུར་བྱས་ནས། ཡིད་ཆེས་བརྟན་པོ་བཅངས་པ་དང་། ཁག་ཁུར་བྱེད་ཕོད་པ། བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ཚོགས་པའི་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་སྡོམ་རྩིས་དོ་དམ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། སྡོམ་རྩིས་གཞི་གྲངས་ཀྱི་དོན་དངོས་རང་བཞིན་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།