མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2017.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་ཚོགས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་སློབ་གསོའི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཆོད་དོན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་རེ་བ་ལྟར། གྲུབ་འབྲས་ལ་སྤྱི་སྡོམ་དང་བྱ་བར་བཀོད་སྒྲིག་བྱེད་པ། མི་དམངས་ཡིད་ཚིམ་པའི་དེང་རབས་ལས་རིགས་སློབ་གསོ་བསྒྲུབ་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ངལ་རྩོལ་པ་དང་ལག་རྩལ་རྩལ་ནུས་འཇོན་མི་འདོན་སྤྲོད་བྱེད་པ་བཅས་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥུན་གཉིས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས2006ལོའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་ཐད་ཀྱི་གྲུབ་འབྲས་བཟང་བོ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འདུ་ཤེས་གསར་བས་དེང་རབས་ལས་རིགས་སློབ་གསོར་ཞིབ་ལྟ་བྱེད་དགོས། ལས་རིགས་སློབ་གསོ་ནི་རྒྱལ་དར་དམངས་ཕྱུགས་ཀྱི་སློབ་གསོ་དང་ལོ་རྒྱུས་འབྲི་བའི་སློབ་གསོ་ཡིན་ལ། རྒྱུན་འཛིན་དང་གསར་གཏོད་ཀྱི་སློབ་གསོ་ཡིན་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་མི་དམངས་ཀྱི་ཇུས་ཆེན་ཡིན་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་སློབ་གསོའི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཆོད་དོན་ལག་བསྟར་ནན་མོ་བྱེད་པ། ལས་རིགས་སློབ་གསོ་དེ་ཏན་ཏན་ཏིག་ཏིག་བཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་རེ་བ་གལ་ཆེན་དང་བསྒྱུར་བ་བཞིའི་སྤྱི་ཡོངས་ཁྲོད་འཇོག་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྤྱི་ཡོངས་ཁྲོད་འཇོག་པ། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྤྱི་ཡོངས་ཁྲོད་འཇོག་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་ལྟ་ཞིབ་བྱེད་པ། ཐོན་སློབ་མཉམ་བསྲེས་གཏིང་ཟབ་བྱེད་པ་དང་ཁུལ་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ། ཤན་ཤུགས་ངེས་ཅན་ལྡན་པའི་ལས་རིགས་སློབ་གྲྭ་དང་ཁྱད་ཆོས་ཆེད་ལས་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་མ་ལག་དང་མཐུན་པ་དང་། སྤྱི་ཚོགས་ཡོངས་ནས་ལས་ཞུགས་བྱེད་པ་དང་མཐུན་པ། ལས་རིགས་སློབ་གསོ་དང་སྤྱིར་བཏང་གི་སློབ་གསོ་གཉིས་བར་ཕན་ཚུན་བརྗེ་རེས་བྱེད་པ། སློབ་གསོའི་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་ཕན་ཚུན་བར་སྐུལ་འདེད་གཏོང་བ། སྐྱེ་སྟོབས་དང་གསོན་ཤུགས་ལྡན་པའི་དེང་རབས་ལས་རིགས་སློབ་གསོ་མ་ལག་གྲུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། བྱེད་ཐབས་གསར་བར་བརྟེན་ནས་དེང་རབས་ལས་རིགས་སློབ་གསོ་སྤེལ་དགོས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ནི་ཞིང་ཆེན་སྲིད་གཞུང་གིས་ཕྱིར་བཏོན་པའི་དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་འགའ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཡིན། གཅིག་ནས་བཀོད་སྒྲིག་བཟང་བོ་བྱེད་པ་དང་། གཉིས་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། གསུམ་ནས་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ། བཞི་ནས་དབུལ་ཐར་ལ་རོགས་འདེགས་བྱེད་པ། ལྔ་ནས་གསོན་ཤུགས་ཆེར་བསྐྱེད་པ། དྲུག་ནས་རྒྱུ་སྤུས་མཐོར་འདེགས་བྱེད་པ། བདུན་ནས་དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་པ། བརྒྱད་ནས་མ་ལག་འཛུགས་སྐྲུན་བཟང་བོ་བྱེད་པ་བཅས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་དེང་རབས་ལས་རིགས་སློབ་གསོར་དམ་འཛིན་བྱེད་ན། མགོ་ཁྲིད་ལ་ཤུགས་སྣོན་པ་དང་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། གཅིག་གྱུར་འཆར་འགོད་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་སློབ་གསོའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

མཇུག་མཐར། ཝང་ཡུས་པོ་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་ཧྲིན་ཀྲང་ཝང་ཅན་ཅོན་གྱི་གཏམ་བཤད་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་ལྔ་བཏོན་པ་སྟེ། གཅིག་ནས་གཏམ་བཤད་དགོངས་དོན་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་གཏིང་ཟབ་བྱས་ནས། ལག་བསྟར་ཐད་ཀྱི་འགན་འཁྲི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཉིས་ནས་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་ནས། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གསོན་ཤུགས་ཆེར་བསྐྱེད་དགོས། གསུམ་ནས་སྒོ་འབྱེད་སློབ་སྒྲུབ་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་སློབ་སྒྲུབ་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། བཞི་ནས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། འཕེལ་རྒྱས་ཐད་ཀྱི་འཕྲོད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་རྒྱུ་སྤུས་མཐོར་འདེགས་བྱེད་པར་དམ་འཛིན་བྱས་ནས། ལས་རིགས་སློབ་གསོའི་འགུག་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ནས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་སོགས་སྡེ་ཁག་ལྔས་བརྗེ་རེས་གཏམ་བཤད་སྤེལ་ནས། གཞོགས་ངོས་མི་འདྲ་ས་ནས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་། གོ་རིམ་རྗེས་མའི་བྱ་བའི་འཆར་གཞི་བཅས་ཐད་ནས་གསལ་བཤད་གསལ་བོ་བྱས།