མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་དབུལ་ཐར་མཁྲེགས་གཏོར་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས།
2017.09.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་དབུལ་ཐར་མཁྲེགས་གཏོར་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་དབུལ་སྐྱོར་གསར་སྤེལ་སྐོར་ནས་བཏོན་པའི་འཐབ་ཇུས་གལ་ཆེན་བསམ་བློ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ། དམིགས་འབེན་མ་འགྲུབ་བར་དུ་ལྷོད་གཡེང་ཅུང་ཙམ་ཡང་མི་བྱེད་པ་དང་དཔུང་བའི་ཕུ་ཐུང་ཡར་བརྫེས་ཏེ་འབད་འབུངས་བྱེད་པ། བློ་ཐག་རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འབད་པ་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བས་བླངས་པའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ལ་ཁས་ལེན་ཡང་དག་བྱས་ཤིང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། དུས་ཡུན་རིང་བོར་དབུལ་ཐར་མཁྲེགས་གཏོར་ལས་རྐང་སྟེང་ནས་འབད་འབུངས་ཧུར་བསྐྱེད་གནང་མཁན་གྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ལ་སྙིང་ཉེ་བའི་ངང་ནས་འཚམས་འདྲི་བྱས། ཁོས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་པ་དང་། རང་རྟོགས་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བ་ཆབ་སྲིད་ཀྱི་འོས་འགན་ཐོག་མ་དང་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས་ནས་འབད་པས་བསྒྲུབས་པར་མ་ཟད། གནད་ཕིགས་ཐབས་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་གཏན་འབེབས་བཟོས་པ་དང་། དབུལ་སྐྱོར་རོགས་འདེགས་ཀྱི་ལམ་ལུགས་གནད་དུ་འཁེལ་བ་ཞིག་ལག་བསྟར་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱས་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་ཀུན་ནས་མངོན། དབུལ་ཐར་མཁྲེགས་གཏོར་གནད་དོན་ཀྱི་དམིགས་གཏད་ལེགས་སྒྲིག་ལས་དོན་དམ་པོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལོན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་འགན་འཁྲི་སྐད་ཅིག་ཙམ་ཡང་མི་གཏོང་བར་བྱ་བའི་གནད་ས་འབུར་ཐོན་ཡོང་བར་བྱེད་དགོས་ཤིང་། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་། དུས་ཚོད་ཀྱིས་ནམ་ཡང་མིར་མི་སྒུག་པའི་ཉེན་ཚབས་འདུ་ཤེས་དང་འགན་འཁྲིའི་དུས་ཤེས་ཕྲག་སྟེང་དུ་ལེན་ཕོད་པའི་ལངས་ཕྱོགས་བཟུང་ནས། ལས་དོན་རེ་རེ་བྱས་ཏེ་རིམ་པར་བསྒྲུབ་ནས། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་འོས་འགན་ཡོངས་འགྲུབ་བྱེད་དགོས། གཅིག་ནས་སྤུས་ཚད་མཐོན་པོའི་སྒོ་ནས་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་དགོས། གཉིས་ནས་ཏན་ཏན་ཏིག་ཏིག་སྒོས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་གཏིང་ཟབ་དུ་སྤེལ་དགོས། གསུམ་ནས་བར་མ་ཆད་པའི་ངང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། བཞི་ནས་གཞི་རིམ་རྨང་གཞིའི་བྱ་བར་ཤུགས་སྣོན་དགོས། ལྔ་ནས་དམིགས་འབེན་གསལ་བའི་ཁ་ཕྱོགས་ཡང་དག་པ་ཞིག་འཛུགས་དགོས་ཞེས་བསྟན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མི་ཞ་ཀུན་ཧྲིན་གྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་ལས་སྒོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་པ་དང་། དམིགས་འབེན་གླེང་ཕྱོགས་དང་སྲིད་ཇུས་གླེང་ཕྱོགས། གནད་དོན་གླེང་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་བ་ཞིག་གྲུབ་ནས། མ་དངུལ་ཇི་བཞིན་དབུལ་ཐར་ལས་དོན་སྟེང་བཏང་བ་བརྒྱུད། ཐོན་ལས་དབུལ་སྐྱོར་དང་སྐྱེ་ཁམས་དབུལ་སྐྱོར། ཡུལ་གཞན་ལ་གནས་སྤོར་བའི་ལས་གཞི་སོགས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། དབུལ་ཐར་མཁྲེགས་གཏོར་གྱི་བྱེད་ཐབས་ལ་ཁྱད་ཆོས་ལྡན་ཞིང་འབུར་ཐོན་གྱི་ཆ་ལྡན་པས། དེར་ཁྱབ་སྤེལ་གཏོང་རིན་ཆེན་པོ་ལྡན་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཏམ་བཤད་ནང་དོན་དངོས་འབེབས་བྱེད་དགོས་པའི་སྐོར་ནས་བླང་བྱ་བཞི་བཏོན། གཅིག་ནས་རྩ་འཛུགས་ལ་བརྟེན་ནས་སློབ་སྦྱོང་བརྒྱུད་སྒྲོག་བྱེད་དགོས། གཉིས་ནས་གནད་དོན་ཐག་གཅོད་པའི་ཁྲོད་ནས་བྱ་བ་ཡར་ལྡན་དུ་སྤེལ་དགོས། གསུམ་ནས་གནད་ས་འཛིན་པ་དང་ཞན་ས་དུས་ལྟར་གསབ་པ། སྟོབས་ལྡན་དང་ཞན་ས་གཉིས་ཀ་རེས་མོས་ཀྱིས་འཛིན་དགོས། བཞི་ནས་མགོ་ཁྲིད་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་ཡན་ཅིན་ཧེ་ཡིས་རྒྱལ་ཡོངས་ཡུལ་གཞན་གནས་སྤོར་གྱི་ཡུལ་དངོས་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་དབུལ་ཐར་མཁྲེགས་གཏོར་གཟེངས་བསྟོད་ཐག་བཅད་ཅེས་པ་སྒྲོག་འདོན་བྱས་པར་མ་ཟད། ཚོགས་ཞུགས་མགོ་ཁྲིད་པ་དང་ལྷན་དུ་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་བྱིན།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཞའོ་དང་ཐིན་ཅཱ་ཚའེ། ཝང་ཡུས་ཡན། ཡུས་ཚུང་ལི། ཚའོ་ཝུན་ཧུའུ། ཀྲང་ཧྲིག་ཁྲིན་བཅས་ཚོགས་འདུར་ཞུགས།