ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དང་ཧི་ནན་རྫོང་། རྩེ་ཁོག་རྫོང་གི་སྡེ་བ་དང་གྲོང་རྡལ། སློབ་གྲྭ དགོན་སྡེ། ཁེ་ལས། ཐོན་ལས་ར་བའི་ཁུལ་བཅས་སུ་སོང་ནས་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་བྱེད་ཐབས་སུ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར། གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་བྱ་བ་སྣ་ཚོགས་ཏན་ཏན་ཏིག་ཏིག་གིས་སྤེལ་བ་དང་། ཧུར་ཐག་གིས་འཆམ་མཐུན་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
ཝང་གོ་ཧྲིན་སྔ་གཞུག་ཏུ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་དང་ཧི་ནན་རྫོང་གཡུ་རྒན་ཉིན་གྲོང་རྡལ་དུ་སོང་ནས། རོང་བོ་དགུ་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་བྱང་རྒྱུད་ཁུལ་གསར་གྱི་འཆར་འགོད། རེབ་གོང་སྒྱུ་རྩལ་རིག་གནས་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན། རྫོང་མཁར་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། རྨ་ལྷོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ལས་གཞི་གཙོ་བོ་འཛུགས་སྐྲུན་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྟེང་གཅིག་སྒྲིལ་བྱས་པ་མཐོང་ཚེ། ཝང་གོ་ཧྲིན་གྱིས་བསྟན་དོན། རང་བྱུང་གི་རི་ཆུ་ལ་རྒྱབ་རྟེན་པ་དང་། ས་ཁོངས་རིག་གནས་ཁྱད་ཆོས་འབུར་ཐོན་བྱེད་པ། ཞིང་ཆེན་ཕྱི་ནང་གི་ཉམས་མྱོང་བཟང་བོར་དཔེ་བལྟ་བྱེད་པ། འགོ་ཚུགས་ས་མཐོན་པོ་ནས་ཚད་གཞི་མཐོ་བའི་འཛུགས་སྐྲུན་ལ་འཆར་འགོད་བྱེད་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་གྲོང་རྡལ་འཛུགས་སྐྲུན་བྱེད་པ། རིག་གནས་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཡོང་སྒོ་ཁ་སྣོན་དང་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར། ཐུན་རིན་རྫོང་མི་རིགས་སློབ་འབྲིང་དུ། ཝང་གོ་ཧྲིན་གྱིས་དགེ་སློབ་རྣམས་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སློབ་གྲྭའི་མགོ་ཁྲིད་ཚན་ཁག་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱེད་པ། དགེ་སློབ་ཡོངས་ཀྱི་བྱང་ཚད་མཐོར་འདེགས་བྱེད་པ། ཕུགས་འདུན་ཡིད་རྟོན་ཡོད་པ་དང་སྤྱོད་ཡོན་གཉིས་ལྡན། ཤེས་རྒྱ་ཆེ་བ། བྱམས་སེམས་ལྡན་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཚད་ལྡན་འཛུགས་སྐྲུན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཟེར།
ཆུ་ཁོག་ཞང་མདོ་བ་སྡེ་བ་རུ། ཝང་གོ་ཧྲིན་གྱིས་སྡེ་མི་ཡོངས་དང་ལག་འཇུ་བྱས་པ་དང་གླེང་མོལ་བྱས་པ་མ་ཟད། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས། སྡེ་བའི་ཏང་ཡོན་བྱ་འགུལ་ཁང་ནང་། ཝང་གོ་ཧྲིན་གྱིས་སྡེ་བའི་ལས་བྱེད་པ་དང་། ཏང་ཡོན་རྒན་པ། སྡེ་དམངས་འཐུས་ཚབ་པ་དང་མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་ཐད་ནས་གྲོས་མོལ་བྱས། ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་ལ། ཏང་ཡོན་གྱིས་ངེས་པར་དུ་སྔོན་བསྐྱོད་དཔེ་མཚོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སྡེ་བའི་ལས་བྱེད་པས་ནམ་ཡང་མང་ཚོགས་སེམས་སུ་དམ་པོར་འཛིན་དགོས། ཏང་ཡོན་ལས་བྱེད་པས་མགོ་ཁྲིད་དེ་བཅའ་ཁྲིམས་བརྩི་བཀུར་དང་སློབ་སྦྱོང་བྱེད་པ་དང་། བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ། མགོ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། ཁྲིམས་འགལ་བྱ་སྤྱོད་དང་དར་སྲོལ་མི་ལེགས་པ་དང་འཐབ་རྩོད་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་དགོས་ཟེར།
རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ར་བའི་ཁུལ་དུ། ཝང་གོ་ཧྲིན་གྱིས་ཁོ་ཚོའི་ར་བའི་ཁུལ་དང་ཁེ་ལས། མཉམ་ལས་ཁང་། འབྲོག་ཁྱིམ་མཉམ་འབྲེལ་གྱི་མ་དཔེ་ལ་བརྟེན་ནས། རྩྭ་སའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ར་བའི་ཁུལ་གྱི་ཆ་སྡེབ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་གསར་སྐྲུན་བྱེད་པ། ཐོན་རྫས་ཀྱི་ཟུར་སྣོན་རིན་གྲངས་མཐོར་འདེགས་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་འཁོར་རྒྱུག་བཟང་བོའི་ཁྲོད། རྩེ་ཁོག་གི་རིགས་སོ་སོའི་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
གཡུ་རྒན་ཉིན་གྲོང་རྡལ་ལ་ཁཱ་དགོན་པ་རུ། ཨ་ལགས་ལ་ཁཱ་ཚང་གིས་ཧྲུའུ་ཅི་ཝང་གོ་ཧྲིན་ལ་བཤད་རྒྱུར། དགོན་སྡེ་ཡོངས་ཀྱི་གྲྭ་བ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་ཀྱིན་ཡོད་ལ། ཉེ་བའི་ལོ་འགའི་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག དགོན་སྡེའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚན་ཁག་འཛུགས་སྐྲུན་དང་ནང་ཁུལ་གྱི་དོ་དམ་ལ་ཤུགས་བསྣན་ནས། དཔལ་འབྱོར་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་། རང་རྟོགས་སྒོས་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཟེར། ཝང་གོ་ཧྲིན་གྱིས་ཁོ་ཚོའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དགོན་སྡེ་ཡིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རྩ་ཁྲིམས་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང། ཆོས་ལུགས་ལས་རིགས་མི་སྣས་མགོ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་དར་སྤེལ་གཏོང་བ། རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཆོས་ལུགས་དང་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ནང་བསྟན་ལས་རིགས་ཀྱི་མི་སྣས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲིན་གཟོ་བྱེད་པ། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དགོན་སྡེའི་སྡོམ་ཁྲིམས་དམ་སྲུང་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
ཝང་གོ་ཧྲིན་གྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་པའི་གནས་ཚུལ་ཐད་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། རྟོག་ཞིབ་བྱེད་སྐབས། ཁོང་རྩྭ་ར་དང་འབྲོག་ཁྱིམ་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འབྲེལ་ཡོད་འགན་ཁུར་བློ་མཐུན་དང་མཉམ་དུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་ཐད་ནས་གྲོས་བྱས། ཝང་གོ་ཧྲིན་གྱིས་ད་དུང་རྩེ་ཁོག་རྫོང་གི་རྫོང་མཁར་གྱི་ཡུལ་གཞན་གནས་སྐོར་ལས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཐུན་རིན་རྫོང་མདོ་བ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བཀྲ་ཤིས་རྒྱ་མཚོ་ལ་འཚམས་འདྲི་བྱས།
ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།