ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིན་གྱིས་ཀྲུང་དབྱང་རྟོག་ཞིབ་ཚན་ཁག་ཐེངས་བཅོ་ལྔ་བར་རྟོག་ཞིབ་བྱེད་རོགས་བྱས་ཏེ། སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་བརྟན་འཇགས་བདེ་སྲུང་བྱ་བར་རྟོག་ཞིབ་བྱས།
ལིག་ཉིན་གྱིས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གཉིས་ཀྱི་བྱ་བའི་སྙན་ཞུར་ཉན་རྗེས་བཤད་རྒྱུར། ས་གནས་གཉིས་ཀྱིས་དུས་རིམ་སྔོན་མའི་ནང་བརྟན་འཇགས་བདེ་སྲུང་བྱ་བ་བསྒྲུབས་པ་ཞིབ་ཚགས་ཡིན་པ་དང་འགན་འཁྲི་གཙང་ལེན་བྱས་ཡོད་པ། བཀོད་སྒྲིག་ཞིབ་ཚགས་བརྒྱབ་ཡོད་པ། བྱེད་ཐབས་སྟོབས་དང་ལྡན་པ་ཞིག་སྤྱད་ཡོད་པ། ཆབ་སྲིད་འབུར་ཐོན་ཡིན་པ། བརྟན་འཇགས་བདེ་སྲུང་བྱ་བར་གོ་བ་ཡང་དག་ལོན་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེ་བསྟུན་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཞིག་བླངས་ཡོད་ཟེར།
ལིག་ཉིན་གྱིས་ནན་གྱིས་བསྟན་དོན། བདེ་འཇགས་དང་བརྟན་འཇགས་བྱ་བར་སྲུང་སྐྱོབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་བརྟན་འཇགས་བདེ་སྲུང་ལས་དོན་བཟང་བོར་བསྒྲུབ་རྒྱུ་ནི། མིག་སྔའི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་ཚོད་འཛིན་བྱས་ཡོད་ནའང་། དུས་ཆེན་གཉིས་ཀྱི་འགྲོས་དང་བསྟུན་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ལ་ཉེ་བས། བརྟན་འཇགས་མ་ཡིན་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་ཀྱང་ཞ་དང་ཞོར་ནས་ཐོན་བཞིན་ཡོད་པས། ཅིས་ཀྱང་བརྟན་འཇགས་ཁྲོད་ནས་ཉེན་ཁ་སེལ་ཅི་ཐུབ་བྱེ་དགོས་པར་མ་ཟད། བརྟན་འཇགས་ལ་གནོད་པའི་འགལ་རྐྱེན་ཅི་རིགས་སེལ་ཐུབ་བྱེད་དགོས་ཞེས་བསྟན།
ལིག་ཉིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་བརྟན་འཇགས་བདེ་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་གནད་འགག་ལྟ་བུ་ནི། ལས་གནས་སྟེང་གི་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། ཁ་མིན་དོན་གྱིས་འགན་འཁྲི་རང་སེམས་སུ་ཉར་བ་དང་ཕྲག་སྟེང་དུ་ལེན་པ། དམ་པོར་འཛིན་པ་བཅས་ལ་འབད་དེ། རྒྱུན་རྣམ་ཅན་གྱི་དོ་དམ་དང་མཁོ་བསྟུན་དོ་དམ་གཉིས་ཟུང་དུ་སྦྲེལ་ནས། བྱ་བའི་ལས་རིམ་ཁག་སོ་སོ་དངོས་འབེབས་ཞིབ་ཕྲ་བྱེད་དགོས་ཤིང་། ལས་རྐང་སྟེང་ནས་འགན་འཁྲིར་གཡོལ་བའི་གནས་ཚུལ་མི་འབྱུང་བར་བྱེད་དགོས་ཞེས་བསྟན།