ཝང་ཅན་ཅུན་གྱིས་ཞོན་ཧྭ་ནས་དགུ་རོང་འགག་བར་གྱི་མགྱོགས་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2017.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་ཡོངས་འགྲུབ་བྱས་ནས་རླངས་འཁོར་གཏོང་འགོ་བརྩམས་མ་ཐག་པའི་ཞོན་ཧྭ་ནས་དགུ་རོང་འགག་བར་གྱི་མགྱོགས་བགྲོད་གཞུང་ལམ་ལ་རྟོག་ཞིབ་བྱེད་དུ་སོང་བ་མ་ཟད། ཞོན་ཧྭ་རྫོང་ཁྲ་ཧྭན་ཏུའུ་སི་ཞང་ཧོང་ཀོང་གོང་སྡེ་བའི་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱས།

ཉིན་དེའི་སྔ་དྲོར། ཝང་ཅན་ཅུན་སྔ་གཞུག་ཏུ་སུའུ་ལོང་ཀྲུའུ་རྨ་ཆུའི་རྣོ་སྦུག་ཟམ་པ་དང་ཞོན་ཧྭ་ཞབས་ཞུའི་ཁུལ། ཅེ་ཙི་དངུལ་བསྡུ་ས་ཚིགས་ལྟ་སྐུལ་ཚོད་འཛིན་ཡན་ལག་ལྟེ་གནས་སོགས་སུ་སོང་ནས། མགྱོགས་བགྲོད་གཞུང་ལམ་འཛུགས་སྐྲུན་དང་བདག་གཉེར། མགྱོགས་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་འཛུགས་སྐྲུན། གཞུང་ལམ་གཅིག་བསྡུས་ལྟ་སྐུལ་ཚོད་འཛིན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝང་ཅན་ཅུན་གྱིས་ཞོན་ཧྭ་ནས་དགུ་རོང་འགག་བར་གྱི་མགྱོགས་བགྲོད་གཞུང་ལམ་དེ་ས་གཤིས་མི་བཟང་ས་མང་བ་དང་། བཟོ་སྐྲུན་ཐད་ནས་དཀའ་ཁག་ཆེན་པོ་ལྡན་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བ་མཐོ་བའི་གནས་ཚུལ་འོག་འཛུགས་སྐྲུན་བྱས་ནས་གྲུབ་འབྲས་བཟང་བོ་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ལོ་འགའི་རིང་ལ། ཞོན་ཧྭ་ནས་དགུ་རོང་འགག་བར་གྱི་མགྱོགས་བགྲོད་གཞུང་ལམ་ལས་གཞི་འཛུགས་སྐྲུན་བྱེད་མཁན་ཚོས་དཀའ་སྡུག་ལ་མི་འཛེམ་པ་དང་རང་སྲོག་བློས་གཏོང་ཐུབ་པ། དཀའ་སྤྱད་འབད་བརྩོན་དང་དམངས་དམག་ཁྱིམ་གཅིག མི་རིགས་མཐུན་སྒྲིལ་གྱི་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། བསམ་ཡུལ་ལས་འདས་པའི་དཀའ་ཁག་ཁྱད་སེལ་བྱས་པ་དང་། ལས་གཞི་འཛུགས་སྐྲུན་ཁྲོད་གསར་གཏོད་དང་སྲུང་སྐྱོབ། རྒྱུན་འཛིན། འཚོལ་ཞིབ་བྱས་ཏེ། འགྲིམ་འགྲུལ་མི་སྣའི་བློ་གྲོས་དང་ནུས་པ་མངོན་པར་བྱས་ལ། ཟླ་བརྒྱད་ཀྱི་སྔོན་དུ་ཡོངས་འགྲུབ་བྱས་ནས་རླངས་འཁོར་ཤར་གཏོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཆབ་སྲིད་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཟང་བོ་བླངས་ནས། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་ཁྲོད་ཀྱི་དཔེ་མཚོན་དུ་གྱུར་ཟེར། ཁོས་ནན་གྱིས་བསྟན་དོན། གཞུང་ལམ་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་མ་ཟད་གསོ་སྐྱོང་ཡང་བཟང་བོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་དངུལ་བསྲེས་གསར་གཏོད། ཕྱོགས་བསྡུས་ཕན་འབྲས། འཆར་འགོད་འཛུགས་སྐྲུན་དང་དོ་དམ་སོགས་གཙོ་གནད་ལ་དམིགས་ནས། མགྱོགས་བགྲོད་གཞུང་ལམ་འཛུགས་སྐྲུན་ཞོན་རོང་མ་དཔེ་ལ་སྤྱི་སྡོམ་དང་གསར་གཏོད་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མགྱོགས་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ཏེ། འགྲིམ་འགྲུལ་གྱི་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་ཐད་ཀྱི་འདེགས་སྐྱོར་ནུས་པ་དང་སྔོན་བསྐྱོད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་ཞོན་ཧྭ་རྫོང་ཁྲ་ཧྭན་ཏུའུ་སི་ཞང་ཧོང་ཀོང་གོང་མ་སྡེ་བ་རུ་སོང་ནས། ཏང་ཡོན་རྒན་པ་མཱ་ཧྲིག་མུའུ་སུའུ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་མཱ་ཡ་ཀུའུ་གཉིས་ལ་འཚམས་འདྲི་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སེམས་ཁུར་བརྒྱུད་སྒྲོག་བྱས་པ་དང་། ཁོ་གཉིས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།

ཝང་ཅན་ཅུན་གྱིས་ཞོན་ཧྭ་ནས་དགུ་རོང་འགག་བར་གྱི་མགྱོགས་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ཐད་ནས་རྟོག་ཞིབ་བྱས།

མཱ་ཅི་ཞའོ་དང་ཧན་ཅན་ཧྭ་གཉིས་གོང་གི་བྱ་འགུལ་ལ་ཞུགས།