ཝང་ཡུས་པོ་ཡིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བ
2017.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་དང་། ཞིང་ཆེན་ཏང་ཨུའི་བོད་ཁུལ་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ཐད་ནས་ལྟ་ཞིབ་དང་མཛུབ་སྟོན་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ནི་གནས་ལུགས་ངོ་མ་ཡིན་ལ། གཏན་འཇགས་ཀྱང་གནས་ལུགས་ངོ་མ་ཡིན་པས། འཕེལ་རྒྱས་དང་གཏན་འཇགས་གཉིས་མཉམ་དུ་དམ་འཛིན་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་གཅིག་ནས་འཕེལ་རྒྱས་དང་ཕྱོགས་གཅིག་ནས་གཏན་འཇགས་དམ་འཛིན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པའི་ཐད་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།

ཝང་ཡུས་པོ་ཡིས་མཚོ་ལྷོ་ཁུལ་ཉི་འོད་ནུས་པ་སྐྱེ་ཁམས་ཉི་འོད་གློག་འདོན་ར་བའི་ཁུལ་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག མཚོ་བྱང་ཁུལ་ལུས་གསོ་ལྟེ་གནས་སོགས་ལས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁུལ་གཉིས་ཀྱི་ཏང་སྲིད་མགོ་ཁྲིད་དང་མཉམ་དུ་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་གྲོས་ཚོགས་གཉིས་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་མ་ཟད། བྱ་བར་དབྱེ་ཞིབ་དང་གནད་དོན་འཚོལ་ཞིབ། བྱེད་ཐབས་ལ་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། འཕེལ་རྒྱས་དམ་འཛིན་བྱེད་རྒྱུ་ནི་མཚོ་སྔོན་གྱི་བྱ་བའི་ཁྲོད་ཀྱི་ལས་འགན་གཙོ་བོ་ཡིན་ལ། འཕེལ་རྒྱས་ནི་གནས་ལུགས་ངོ་མ་ཡིན་པའི་རེ་བ་གལ་ཆེན་ལག་བསྟར་བྱེད་ན། ངེས་པར་དུ་ལས་འགན་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ། དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དེ་གཙོ་བོ་ཡིན་ལ། ཁ་དན་ཚིག་གནས་བྱེད་པ། གུང་ཁྲན་ཏང་མིའི་དཀའ་ཁག་ལ་མི་འཛེམ་པ་དང་ཁག་ཁུར་ཕོད་པའི་འཐབ་རྩོད་སྙིང་སྟོབས་ལ་བརྟེན་ནས། བྱ་བ་དམ་འཛིན་བྱེད་པ་དང་ལས་དོན་གཉེར་བ་དང་། འགུལ་སྐྱོད་ཁྲོད་ནས་གོ་རྟོགས་ཇེ་མཐོར་གཏོང་བ་དང་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། ལག་བསྟར་ནན་མོ་བྱེད་པའི་ཁྲོད་ནས་ནུས་པ་དང་འཇོན་ཐང་མངོན་པར་བྱེད་དགོས། འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པས་ཚོགས་ར་ཡུལ་དངོས་སུ་རྡོ་ཟེགས་ཀྱི་རྒྱུ་ཆ་མཁོ་འདོན་སོགས་འབུར་ཐོན་དཀའ་གནད་ཐག་གཅོད་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཆབ་སྲིད་འགན་འཁྲི་གལ་ཆེན་ཡིན་ལ། ཆབ་སྲིད་ཉམས་ལེན་གལ་ཆེན་ཡང་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན་བྱེད་པ་དང་། བསམ་བློའི་སྟེང་ནས་དོགས་ཟོན་ནན་མོ་བྱེད་པ། བྱ་བའི་སྟེང་ནས་འགན་ཁུར་ཕོད་པར་བྱས་ཏེ། གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ཟེར།