མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས།
2017.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉིན་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མྱུར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་སློབ་སྦྱོང་ལེགས་པོ་བྱེད་པ་དང་དྲིལ་སྒྲོག་ལེགས་པོ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་དངོས་འབེབས་གང་ལེགས་བྱས་ནས་ངེས་པ་དོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེ་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སོ་སོའི་ཁྲོད་དངོས་འབེབས་བྱས་ནས། མགྱོགས་མྱུར་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འཇོག་དགོས་པར་འདོད།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་ཞིབ་ཕྲའི་ལག་ལེན་ཁྲོད་འདྲེས་པར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཞིབ་ཕྲའི་ལག་ལེན་ཁྲོད་འདྲེས་པར་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་འདྲེས་པར་བྱས་ནས། ཧུར་ཐག་གིས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པ་དང་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་གསར་བ་གསར་སྐྲུན་བྱས་ཏེ་རིགས་སོ་སོའི་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་ལས་ལེགས་པའི་ཕན་ཁེ་དངོས་ཐོབ་པར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་མང་པོ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་མང་པོས་བཤད་རྒྱུར། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་ཡིན། རྗེས་ཕྱོགས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ། ཆོས་ལུགས་ཀྱི་ཐལ་སྤྱོད་བསམ་བློ་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་དང་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ་བཅས་སུ་སྡོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས། ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལྟར། སྔར་ལས་ལྷག་པའི་སྒོ་ནས་“དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ཆགས་པར་བྱེད་དགོས་ལ། ཁྱོན་ཡོངས་ནས་དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ལ་སྲུང་སྐྱོབ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་བེད་སྤྱོད་བྱེད་པ། རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། རྩྭ་ཐང་གི་མ་ལག་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་ཐབས་དར་སྤེལ་བཏང་ནས་ཏན་ཏིག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་དྭངས་གསལ་ཆུ་བོ་ལྷུང་ལྷུང་ཤར་དུ་འབབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་མོས་བཤད་རྒྱུར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་འབྲི་ཆུའི་སྡེ་བར་ཡོང་ནས་སྡེ་བའི་མང་ཚོགས་ལ་འཚམས་འདྲི་བྱེད་སྐབས་ང་ཚོར་ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་འདི་ད་རུང་ཡུན་རིང་བོར་གནས་ཐུབ་ཅེས་པའི་གསུང་བཤད་གནང་བ་དེ་ང་ཚོའི་སྡེ་བ་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩར་གྱུར་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ། འབྲི་ཆུའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་ནང་དོན་མང་པོ་ཞིག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད་པས་ང་ཚོ་མང་ཚོགས་ཡོངས་ལ་སེམས་འགུལ་ཐེབས་སུ་བཅུག གཞི་རིམ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་ངས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས་སྡེ་མི་རེ་རེར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་དང་ཁོ་ཚོར་སྣེ་ཁྲིད་བྱས་ཏེ་སློབ་སྦྱོང་དང་ལག་ལེན་བྱེད་པ། བྱ་བ་གཟབ་ནན་གྱིས་བསྒྲུབ་སྟེ་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བའི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཟེར།