ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཞང་གི་འབྲོག་དམངས་སྒྲོན་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལ་འཕྲིན་ལན་བསྐུར།
2017.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཞང་གི་འབྲོག་དམངས་སྒྲོན་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོ་ཕ་བུ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་གཏན་སྲུང་བྱས་པའི་བྱ་སྤྱོད་ལ་ཁས་ལེན་བྱས་ཤིང་། ཡུན་རིང་ལ་མཐའ་མཚམས་བརྟན་སྲུང་བྱེད་པར་བྱས་རྗེས་བཞག་པའི་བློ་མཐུན་རྣམས་ལ་བཀའ་དྲིན་ཆེ་ཞུས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁོངས་སྲུང་སྐྱོབ་བཟང་པོ་བྱེད་པ་དང་ཕ་ཡུལ་འཛུགས་སྐྲུན་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་གསུམ་དང་དྲུག་བརྒྱ་ལྷག་ཡོད་པ་དང་ལོ་རེའི་ལོ་ཕྱེད་ལ་ཁ་བ་དཀར་པོས་གཡོགས་པའི་མཐའ་མཚམས་མཐོ་སྒང་དུ་ཕ་བུ་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་བྱས་ཏེ། མེས་རྒྱལ་གྱི་མངའ་ཁོངས་བརྟན་སྲུང་བྱས་པའི་སྙིང་སྟོབས་ལ་ཀུན་གྱིས་ཡིད་སྨོན་བྱེད་པ་ཡིན། བདག་གིས་ཁྱོད་ཚོ་དང་དེ་མིན་ཡུན་རིང་ལ་རྒྱལ་མཚམས་བརྟན་སྲུང་བྱེད་པར་བྱས་རྗེས་བཞག་པའི་བློ་མཐུན་ཡོངས་ལ་བླ་མེད་གུས་འདུད་ཞུ་བ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་ཡོད་ན་ད་གཟོད་ཁྱིམ་གཞི་ཡོད་པ་དང་། རྒྱལ་མཚམས་བདེ་འཇགས་མིན་ན་ཁྱིམ་གཞི་ཁྲི་སྟོང་མང་པོ་བདེ་འཇགས་མིན། ང་ཚོས་མེས་རྒྱལ་མཐའ་ཁུལ་གྱི་རྩྭ་དང་རྩི་ཤིང་ཙམ་ལའང་སྲུང་སྐྱོབ་བྱེད་དགོས། ཁྱོད་ཚོས་མུ་མཐུད་དུ་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁོངས་བརྟན་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞི་འཛུགས་སྐྲུན་མཁན་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་ནས་ཅང་མ་འགོར་ལ། ཏང་གིས་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྔར་ལས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་ངེས་ཡིན། ཚང་མས་མཉམ་དུ་འབད་བརྩོན་བྱས་འོག སྔོན་ཆད་མི་གསུམ་མ་གཏོགས་མེད་པའི་ཡུལ་སྨད་ཞང་གིས་བདེ་སྐྱིད་དང་མཛེས་སྡུག་གི་འབྱོར་འབྲིང་ཞང་འགྲུབ་པར་བྱེད་པ་དང་མང་ཚོགས་རྣམས་ཀྱི་འཚོ་བ་ཉིན་རེར་ཇེ་བཟང་དུ་འགྲོ་སྲིད་ཟེར།

བོད་ལྗོངས་ལྷན་རྩེ་རྫོང་ཡུལ་སྨད་ཞང་ནི་ཇོ་མོ་གླང་མའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་ཡོད་པ་དང་། རི་གཟེར་ལ་ལམ་དོག་པ་དང་འགྲིམ་འགྲུལ་སྟབས་བདེ་མིན། ད་ལྟ་ཁྱིམ་ཚང་དགུ་དང་མང་ཚོགས་སོ་གཉིས་མ་གཏོགས་མེད་པས་རང་རྒྱལ་གྱི་མི་གྲངས་ཆེས་ཉུང་ཞིང་མི་རེའི་ཆ་སྙོམས་ས་ཁྱོན་ཆེས་ཆེ་བའི་ཞང་ཞིག་ཡིན།

དུས་རབས་སྔོན་མའི་དུས་ཡུན་རིང་པོ་ཞིག་ལ། ཡུལ་སྨད་ཞང་དུ་སངས་རྒྱས་ཆོས་པ་ཚང་མ་གཏོགས་མེད་པས། ཕྱི་ཕྱོགས་ཀྱིས་མི་གསུམ་མ་གཏོགས་མེད་པའི་ཞང་ཞེས་འབོད་བཞིན་ཡོད། ལོ་བཅུ་ཕྲག་གི་རིང་ལ་སངས་རྒྱས་ཆོས་པ་དང་ཁོའི་བུ་མོ་སྒྲོན་དཀར་དང་གཡང་འཛོམས་བཅས་ཀྱིས་ཡུལ་སྨད་དུ་རྒྱུན་མཐུད་བརྟན་སྲུང་བྱས་ཏེ། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་སྐབས་སུ་སྒྲོན་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། རྒྱལ་མཚམས་སྲུང་སྐྱོབ་བྱས་པའི་མྱོང་ཚོར་དང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཡར་ཞུ་བྱས་པར་མ་ཟད་ཕ་ཡུལ་གྱི་མང་ཚོགས་རྣམས་དང་མཉམ་དུ་མུ་མཐུད་ནས་ཕྱུགས་འཚོ་མཐའ་སྲུང་རྒྱུན་འཁྱོངས་བྱེད་པ་དང་ཏང་ལ་བཀའ་དྲིན་འཇལ་བའི་ཆོད་སེམས་མཚོན་པར་བྱས།