མཚོ་སྔོན་གྱི་ཞིང་ཕྱུགས་ལས་དཔལ་འབྱོར་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་སུ་སོང་།
2017.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་ཅན་བཞི་མཉམ་སྤེལ་གྱི་ཁྲོད་ནས་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་སུ་བཏང་ལ། ཞིང་ཕྱུགས་ལས་ཐད་ནས་ཐབས་བརྒྱ་ཇུས་སྟོང་གཉིས་དང་འབད་བརྩོན་ཁག་ཐེག་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱས། དེའི་ནང་དུ་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་འཕར་ཚད་བསྟུད་མར་ལོ་དགུའི་རིང་ལ་བརྒྱ་ཆའི་ལྔའི་ཡན་དུ་བསླེབས་པ་དང་། རོང་འབྲོག་ཁུལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་འཕར་ཚད་བསྟུད་མར་ལོ་བདུན་གྱི་རིང་ལ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་འཕར་ཚད་ལས་བརྒལ་ཏེ། བརྟན་འཇགས་ངང་འཕར་སྣོན་གཏོང་བ་དང་། འདོན་སྤྲོད་ལ་འགན་སྲུང་བྱེད་པ། དངོས་གོང་ལ་ཚོད་འཛིན་བྱེད་པ། ཉེན་ཁ་འགོག་པ་བཅས་ཀྱི་ཐད་བྱས་རྗེས་བཞག

ཉིས་སྟོང་བཅུ་དྲུག་ལོར། ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ལོ་ཏོག་འདེབས་འཛུགས་ཀྱི་བསྡུར་ཚད་བརྒྱ་ཆའི་གྱ་ལྔ་ལ་བསླེབས་པ་དང་། ཉིས་སྟོང་བཅུ་གཅིག་ལོ་ལས་བརྒྱ་ཆའི་དྲུག་གིས་ཇེ་མཐོར་སོང་། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བཞི་ལྷག་ལ་བསླེབས་པ་དང་། བསྟུད་མར་ལོ་དགུ་ལ་ཏུན་ས་ཡ་གཅིག་ལས་བརྒལ།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་འབྲོག་དམངས་གཏན་སྡོད་བཟོ་སྐྲུན་ཐད་ནས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་ལ་ཁང་པ་ལས་པའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། འབྲོག་པ་མང་ཚོགས་རྫོང་དང་ཞང་། སྡེ་བ་བཅས་སུ་གཅིག་བསྡུས་ཀྱིས་འདུས་སྡོད་བྱེད་ཚད་བརྒྱ་ཆའི་ང་བརྒྱད་ལྷག་ལ་བསླེབས། རྩྭ་ཐང་གི་རས་གུར་གསར་པའི་འགུལ་སྐྱོད་སྤེལ་ནས། རས་གུར་དང་བརྙན་འཕྲིན་སོགས་འཚོ་བའི་སྒྲིག་ཆས་ཆ་ཚང་ཁྲི་དྲུག་དང་སྟོང་དགུ་བྱིན་པས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་དང་བདེ་སྐྱིད་ཚད་གཞི་ཆེས་ཆེར་ཇེ་མཐོར་སོང་།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་ལོ་ལྔའི་རིང་ལ་བསྡོམས་པས་ཞིང་ཕྱུགས་ལས་ཚན་རྩལ་གྲུབ་འབྲས་ལྔ་བརྒྱ་དང་རེ་བདུན་བླངས་པ་དང་། དེའི་ནང་གྲུབ་འབྲས་བརྒྱ་དང་རེ་བརྒྱད་རྒྱལ་ནང་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས་ཡོད། ནོར་ནག་དང་བོད་ལུག་ཕན་འབྲས་མཐོན་པོར་གསོ་སྤེལ་བྱེད་པའི་ལག་རྩལ་ལ་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

མིག་སྔར། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་དང་རེ་གཅིག་བཙུགས་ཡོད་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་ལ་བསླེབས་ཡོད། འབྲོག་ཁྱིམ་མཉམ་ལས་ཁང་དུ་ཞུགས་ཚད་དང་། ཕྱུགས་ཟོག་དང་རྩྭ་ས་མཉམ་ལས་ཁང་དུ་གཅིག་བསྡུས་བྱས་ཚད་སོ་སོར་བརྒྱ་ཆའི་དོན་གཉིས་ལྷག་དང་བརྒྱ་ཆའི་རེ་བདུན་ལྷག བརྒྱ་ཆའི་རེ་དྲུག་ལྷག་བཅས་སུ་བསླེབས་ཡོད་ལ། ནོར་ལུག་དུས་ཚིགས་དང་བསྟུན་ནས་གསོ་སྤེལ་བྱེད་ས་ཉིས་བརྒྱ་དང་སོ་གཉིས་བཙུགས་ཡོད་པ་དང་། མ་རྐང་མཉམ་ལས་ལམ་ལུགས་གཙོ་ཡིན་པའི་དེང་རབས་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་མགྱོགས་མྱུར་ངང་སྤེལ་ནས། རྒྱལ་ཡོངས་ནས་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིབ་བྱས་པས། ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་དུ་གཏན་ཁེལ་བྱས་ཡོད།

མིག་སྔའི་བར་དུ། ལས་གཉེར་རོང་འབྲོག་མང་ཚོགས་ཁྲི་གསུམ་དང་སྟོང་གཉིས་ལྔ་བརྒྱ་གསོ་སྦྱོང་བྱས་པ་དང་། མི་སྟོང་བདུན་དང་བཞི་བརྒྱ་ཞེ་གཉིས་གསར་དར་ལས་གཉེར་རོང་འབྲོག་མང་ཚོགས་སུ་ཁས་ལེན་ཐོབ་ཡོད། ཞིང་ཆེན་ཡོངས་སུ་ཆེད་ལས་མཉམ་ལས་ཁང་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་བདུན་ཡོད་པ་དང་། ཉིས་སྟོང་བཅུ་གཅིག་ལོ་དང་བསྡུར་ན་སྟོང་བདུན་དང་བདུན་བརྒྱ་བཅུ་བདུན་གྱིས་ཇེ་མང་དུ་སོང་ལ། མཉམ་ལས་ཁང་དུ་ཁོངས་མི་འབུམ་ལྔ་དང་ཁྲི་གསུམ་ཡོད། སྒེར་གཉེར་ཞིང་ཕྱུགས་ར་སྟོང་བཞི་དང་བདུན་བརྒྱ་རེ་ལྔ་ཡོད་ལ། དེའི་ནང་དུ་ཞིང་ཆེན་རིམ་པ་ཡན་གྱི་རྐང་འཛིན་ཁེ་ལས་བརྒྱ་དང་བརྒྱད་ཡོད།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐད་ཀྱི་མ་དངུལ་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་བདུན་དངོས་འབེབས་བྱས་པ་དང་། ལོ་རེར་ཆ་སྙོམས་མ་དངུལ་བཏང་ཚད་སྒོར་ཐེར་འབུམ་བདུན་ལ་བསླེབས།